[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • དཔྱིད་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལུང་འབྲོག་རིན་ཆེན་རྒྱལ་གྱིས།    |    སྤེལ་དུས།   2015-06-02

    དཔྱིད་ཀྱི་མཚར་སྡུག་ཁམ་སྡོང་ལོགས་ན་འདུག །

    ཁམ་བུའི་མེ་ཏོག་ཞལ་ཁ་ཕྱེ་ནས་འདུག །

    སྔོ་ལྗང་ལོ་མའི་སྐེ་རྒྱན་བཅིངས་ནས་འདུག །

    གཡུ་སྦྲང་བུང་བས་གཡས་སྐོར་བརྒྱབ་ནས་འདུག །

    དཔྱིད་ཀྱི་མཚར་སྡུག་སྔོ་བསངས་མཁའ་ན་འདུག །

    ཉི་ཟླའི་འོད་སྣང་སྤྲིན་གྱི་རུམ་ན་འདུག །

    སྤྲིན་པ་ལེབ་མོ་རླུང་གིས་དེད་གྱིན་འདུག །

    སྦྲང་ཆར་ཟིལ་མའི་དངོས་གྲུབ་འཇོ་གིན་འདུག །

    དཔྱིད་ཀྱི་མཚར་སྡུག་གོ་ལའི་གཙུག་ན་འདུག །

    ཤེལ་དཀར་གངས་རིའི་རྩེ་མོ་གཟེངས་ནས་འདུག །

    གངས་ལྷ་མེ་ཏོག་འདབ་མ་གྲོལ་ནས་འདུག །

    གངས་དཀར་ལྷ་མོའི་ཐུགས་སེམས་དགྱེས་ནས་འདུག །

    དཔྱིད་ཀྱི་མཚར་སྡུག་ལྷོ་རོང་མཐིལ་ན་འདུག །

    པད་ཁའི་མེ་ཏོག་ཞལ་ཁ་ཕྱེ་ནས་འདུག །

    ཞིང་ཐང་བུ་མོའི་ལང་ཚོ་མཆོར་ནས་འདུག །

    གནག་སྣུམ་སྐྲ་ལོ་རླུང་གིས་བསྐུལ་ནས་འདུག །

    དཔྱིད་ཀྱི་མཚར་སྡུག་རྩྭ་ཐང་ཡངས་མོར་ཡོད། །

    གཡང་དཀར་མ་བུའི་འབའ་སྒྲ་སྙན་ནེ་ཡོད། །

    ཕྱུགས་སྐྱོང་བུ་མོའི་འཛུམ་ཆུང་གསལ་ལེ་ཡོད། །

    དྭངས་གཙང་སེམས་ན་གཡོ་ལྷད་བྲལ་ནས་ཡོད། །

    དཔྱིད་ཀྱི་མཚར་སྡུག་ཐོས་བསམ་གླིང་ན་ཡོད། །

    གཞུང་ཆེན་བཀའ་པོད་མཚན་ཁ་འབར་ནས་ཡོད། །

    ན་བཟའ་དམར་པོའི་གཟི་མདངས་རྒྱས་ནས་ཡོད། །

    བྱམས་དང་སྙིང་རྗེ་མཚོ་བཞིན་འཁྱིལ་ནས་ཡོད། །

    དཔྱིད་ཀྱི་མཚར་སྡུག་ལྷ་ལྡན་གྲོང་ན་ཡོད། །

    གྲུ་འཛིན་ཕོ་བྲང་བརྗིད་ཉམས་ཆེ་ནས་ཡོད། །

    རྫོང་རྒྱབ་ཀླུ་ཁང་གསོན་ཉམས་དོད་ནས་ཡོད། །

    མ་སྐྱེས་ཨ་མས་བར་སྐོར་སྲུང་ནས་ཡོད། །

    དཔྱིད་ཀྱི་མཚར་སྡུག་རང་གི་སེམས་ན་ཡོད། །

    འོད་དང་མུན་པའི་མཚན་ཉིད་འཚོལ་གྱིན་ཡོད། །

    ལམ་ཆུང་ཕྲ་མོ་རྡོག་པས་གནོན་གྱིན་ཡོད། །

    རེ་བའི་དར་ལྕེ་ཡིད་ཀྱིས་སྙོབ་ཀྱིན་ཡོད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།