རྩོམ་ཡིག་འབྲི་སྟངས་སྦྱོང་བརྡར་བྱ་རྒྱུ་ནི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་མོད། སློབ་ཆུང་སློབ་མའི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཞན་པའི་དབང་གིས་གནད་དོན་གང་རུང་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཞན་པ་དང་། ཞིབ་ལྟ་བྱེད་པའི་གོམས་གཤིས་མེད་པ་སོགས་ཀྱི་དབང་གིས་རྩོམ་ཡིག་འབྲི་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན། ང་ཚོས་སློབ་ཆུང་སློབ་མར་ཆུང་དུས་ནས་རྩོམ་ཡིག་འབྲི་བའི་གོམས་གཤིས་འཇགས་པ་དང་རྩོམ་གྱི་རྒྱུ་ཆ་གསོག་འཇོག་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། སྐབས་འདིར་རང་ཉིད་ནས་སློབ་ཆུང་སློབ་མའི་རྩོམ་འབྲིའི་དོན་དངོས་གནད་དོན་ལ་གཞིགས་ནས་མི་སྣ་ཞིབ་འབྲི་བྱེད་སྟངས་སྐོར་རགས་ཙམ་གླེང་བར་འདོད།
དང་པོ། སློབ་མར་རྩོམ་ཡིག་འབྲི་འདོད་ཀྱི་འདུན་པ་འཕེལ་བར་བྱེད་དགོས།
ཚང་མས་མཁྱེན་གསལ་ལྟར། སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་དང་ཚན་རིག་རིག་གཞུང་ཉིན་བཞིན་གོང་དུ་འཕེལ་བའི་ཚ་རླབས་ཁྲོད་རྩོམ་རིག་གིས་ནུས་པ་མི་དམན་པ་ཐོན་ཡོད་པ་སྨོས་མ་དགོས་ཤིང་། མི་རྣམས་ཀྱི་ལས་ཀ་དང་འཚོ་བ་དངོས་ཀྱང་རྩོམ་རིག་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། དེས་ན། དགེ་རྒན་གྱིས་རྩོམ་ཡིག་སློབ་ཁྲིད་བྱེད་པའི་དོན་དངོས་ཀྱི་དགོས་པ་གཞིར་བཟུང་སློབ་ཆུང་སློབ་མར་འགུལ་རིས་ཁག་གཅིག་གི་གཏམ་རྒྱུད་དང་། བརྙན་ཆས། པར་རིས་སོགས་ལ་ལྟ་ཞིབ་བྱེད་དུ་བཅུག་ནས། སློབ་མ་རང་ངོས་ལ་མཐོང་ཐོས་མྱོང་གསུམ་གང་བྱུང་ཡང་དགེ་རྒན་ནས་བཀག་འགོག་མེད་པར་རང་རང་གི་ཚོར་སྣང་དང་བསམ་ཚུལ་སློབ་ཕྲུག་ཁྱོན་ཡོངས་ཀྱི་ཁྲོད་དུ་ཤོད་དུ་འཇུག་པ་དང་། དེར་བསྟུན་ནས་སློབ་ཕྲུག་ཕན་ཚུན་དབར་གདེང་འཇོག་བྱེད་དུ་འཇུག་པ་དང་དགེ་རྒན་རང་ཉིད་ནས་སྐུལ་ལྕག་གི་ནུས་པ་ལྡན་པའི་གདེང་འཇོག་བྱས་ཏེ། སློབ་མར་རང་འགུལ་ངང་ལྟ་ཞིབ་དང་། བསམ་གཞིག མྱོང་ཚོར་ཕྲན་བུ་གླེང་འདོད་པ་བཅས་ཀྱི་གོམས་གཤིས་འཇགས་རྒྱུར་འབད་དགོས། དེ་བཞིན་སློབ་མ་རང་ཉིད་ཀྱི་འཇོན་ཚོད་དཔག་ཚོད་ལ་གཞིགས་ནས་ཚགས་པར་དང་དུས་དེབ་ལས་རང་ཉིད་ཀྱི་རྩོམ་ཡིག་ལ་དགོས་མཁོ་ཆེ་བའི་དཔེ་མཚོན་གྱི་རྩོམ་འཚོལ་སྡུད་དང་གདམ་གསེས་བྱེད་དུ་བཅུག་ན། གཅིག་ནས་བོད་སྐད་ཡིག་སྦྱོང་འདོད་ཀྱི་བསམ་པ་འཕེལ་ཐུབ་པ་དང་། གཉིས་ནས་རྩོམ་ཡིག་འབྲི་བའི་འདུན་པ་ཉིན་བཞིན་ཆེ་རུ་འགྲོ་ངེས་ལགས། སྔོན་བྱོན་མཁས་པས་མོས་པ་ནི་ལེགས་གྲུབ་ཀྱི་འགག་རྩ་ཡིན་ཞེས་གསུངས་པ་ལྟར། སློབ་ཆུང་སློབ་མར་ཆུང་དུས་ནས་རྩོམ་ཡིག་འབྲི་འདོད་ཀྱི་བསམ་པ་ཞིག་མེད་ན་ཕྱིས་སུ་རྩོམ་ཡིག་འབྲི་བའི་ལས་ལ་བཙན་གྱིས་ཞུགས་སུ་བཅུག་ནའང་ཕན་ཐོགས་འབྱུང་མི་སྲིད་པའོ།
གཉིས་པ། རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱེད་སྟངས་ཤེས་དགོས།
རྒྱུ་ཆ་ནི་རྩོམ་ཡིག་གི་ཤ་དང་ཁྲག་ལྟ་བུ་རེད། མའོ་ཙེ་ཏུང་གིས་རྩོམ་ཡིག་གི་ནང་དོན་ནི་ཕྱི་རོལ་བྱ་དངོས་ཀྱི་མཚོན་ཚུལ་ཞིག་རེད་ཅེས་གསུངས་པ་ལྟར། རྩོམ་ཡིག་གི་རྒྱུ་ཆའི་འབྱུང་ཁུངས་ནི་སྤྱི་ཚོགས་ཀྱི་འཚོ་བ་ཉིད་ཡིན། གལ་སྲིད་ང་ཚོས་རྩོམ་ཡིག་གི་རྒྱུ་ཆའི་འབྱུང་ཁུངས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་མྱོང་བ་ཟབ་མོས་མ་ཞུགས་ན། ཆུ་ལ་ཆུ་འགོ་མེད་པ་དང་། ཤིང་ལ་རྩ་བ་མེད་པ་བཞིན་རྩོམ་ཡིག་འབྲི་བའི་གཞིའམ་ཁུངས་མེད་པར་གྱུར་ངེས་རེད། འོན་ཏེ། སློབ་ཆུང་སློབ་མར་འཚོ་བ་དངོས་ཀྱི་མ་བཅོས་རྒྱུ་ཆ་དེ་དག་འཚོལ་སྡུད་དང་གདམ་གསེས་བྱེད་པའི་ནུས་པ་དེ་ཙམ་མེད་པས། ཐོག་མར་དགེ་རྒན་གྱིས་སློབ་མ་ཚོས་སློབ་ཕྱིའི་དུས་ཚོད་བེད་སྤྱད་དེ་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་ལས་རང་རང་ལ་མཁོ་གལ་ཆེ་བའི་རྒྱུ་ཆ་འཚོལ་སྡུད་དང་གདམ་གསེས་བྱས་ཏེ་ཟིན་བྲིས་འགོད་པར་སྐུལ་ལྕག་བྱེད་དགོས། དཔེར་ན། མི་སྣ་ཞིབ་འབྲི་བྱེད་སྐབས་སུ་སློབ་ཚན་དུ་བཀོད་སྒྲིག་བྱས་པའི་སྔོན་གཤེགས་དཔའ་བོ་དང་མི་སྣ་གྲགས་ཅན་སོགས་ཞིབ་འབྲི་བྱེད་སྟངས་ལ་སློབ་སྦྱོང་དང་མཉམ་དུ་དབྱེ་ཞིབ་བྱེད་དུ་བཅུག་ནས་དེའི་འཕྲོར་མི་སྣ་ཞིབ་འབྲི་བྱ་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་ཆ་གཙོ་ཕལ་ཕྱེ་རུ་འཇུག་དགོས་པ་དང་། གདམ་གསེས་དང་ལས་སྣོན་བྱས་པའི་རྒྱུ་ཆ་དེ་དག་མི་སྣ་ཞིབ་འབྲི་བྱེད་སྐབས་གང་ལ་གང་འཚམ་གྱིས་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་མིན་མཛུབ་སྟོན་བྱེད་པ་དང་སྦྲགས་རྩོམ་ཡིག་ཏུ་བཀོལ་སྤྱོད་བྱས་པའི་རྗོད་བྱེད་ཚིག་སྦྱོར་སྙན་པོ་དང་། དཔེ་དང་དཔེ་ཆོས་སོགས་བསྡུ་རུབ་བྱས་ནས་དོན་ལ་གོ་བ་ལེན་ཐུབ་པའི་རྨང་གཞིའི་ཐོག་ངག་ལ་བཟུང་དུ་བཅུག་ནས་རྒྱུ་ཆ་འདེམས་པའི་སྔོན་འགྲོའི་ལས་ཀ་ཚགས་ཚུད་པོ་སྒྲུབ་པའི་གོམས་གཤིས་འཇགས་པར་བྱེད་པ་དང་རྒྱུ་ཆ་འདེམས་སྟངས་ཤེས་པ་བྱེད་དགོས།
གསུམ་པ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་མི་སྣ་ཞིབ་འབྲི་བྱེད་སྟངས།
སློབ་ཆུང་སློབ་མས་རྒྱུན་གཏན་རྩོམ་ཡིག་འབྲི་སྐབས་བདམས་པའི་བརྗོད་བྱ་ཕལ་མོ་ཆེ་ནི་ངའི་པཱ་ལགས། ངའི་རྒན་ལགས། དྲིན་ཅན་ཡབ་ཡུམ། ངའི་གྲོགས་པོ་ཆེ་གེ་མོ་སོགས་མི་སྣ་དང་འབྲེལ་བའི་རྩོམ་ཡིག་ཤ་སྟག་ཡིན་པ་ལས་བརྗོད་བྱ་གཞན་གྱི་རྩོམ་ཡིག་འབྲི་འདོད་ཆེན་པོ་ཡོད་ཀྱང་དངོས་སུ་འབྲི་སྐབས་ཅི་འབྲི་འདི་འབྲི་མེད་པར་གྱུར་གྱི་ཡོད། རྩོམ་ཡིག་གང་ཞིག་བྲིས་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་སྤྱི་ཚོགས་འཚོ་བར་ལྟ་ཞིབ་དང་། ཉམས་ལེན། འཚོལ་དཔྱད་སོགས་བྱེད་དགོས་པ་ཙམ་མ་ཟད། བརྗོད་དོན་མཚོན་པར་བྱེད་པའི་རྗོད་བྱེད་ཚིག་སྦྱོར་ཕུན་སུམ་ཚོགས་པོ་འཚོལ་བསྡུ་བྱེད་དགོས། དེ་ལྟ་བུའི་ཆ་རྐྱེན་འཛོམས་པའི་རྨང་གཞིའི་འོག གཅིག་ནས་མི་སྣ་ཞིབ་འབྲིའི་ཐབས་ལམ་སྤྱད་དེ་མི་སྣ་གང་ཞིག་ཕྱོགས་ཡོངས་ནས་ངོ་སྤྲོད་མདོར་བསྡུས་བྱས་ནས་ཀློག་པ་པོར་ཐོག་མར་མི་སྣ་གང་དེར་རྒྱུས་མངའ་རགས་ཙམ་ཡོང་བའམ་བག་ཆགས་ཕྲན་ཙམ་སྟེར་ཐུབ་པ་བྱེད་དགོས་ཤིང་། བརྩམ་བྱའི་ནང་གི་མི་སྣ་གང་དེའི་ཁྱད་ཆོས་འབུར་དུ་ཐོན་པར་རམ་འདེགས་བྱེད་དགོས། དེར་སློབ་མས་མི་སྣ་གང་དེ་སྤྱང་གྲུང་འཛོམས་ཚུལ་དང་། བློ་སྟོབས་ཆེ་ཆུང་། གཞན་ལ་བརྩེ་སེམས་ཡོད་མེད་མཚོན་པའི་རྩོམ་རྩལ་ངོམ་ན་འགྲིག གཉིས་ནས་མི་སྣའི་ཕྱིའི་རྣམ་པ་བཀོད་འབྲི་བྱེད་སྐབས་མི་སྣའི་གཟུགས་ཆེ་ཆུང་། ཆ་ལུགས་བཞིན་མདངས། ཉམས་འགྱུར་། ངང་ཚུལ་བཅས་སོ་སོའི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་བཀོད་འབྲི་བྱས་ན་མི་སྣ་གང་དེའི་གནས་འབབ་དང་། ཐོབ་ཐང་། རང་བཞིན་སོགས་ངེས་ཅན་ཞིག་མཚོན་ཐུབ། གསུམ་ནས་མི་སྣའི་སེམས་ཁམས་བརྒྱུད་ནས་མི་སྣ་བཀོད་འབྲི་བྱས་ན་བཀོད་འབྲི་བྱེད་ཐབས་མང་པོ་ཡོད། ཐད་ཀར་བཀོད་འབྲི་བྱེད་པ་དང་། བརྒྱུད་ནས་བཀོད་འབྲི་བྱེད་པ། ཆིག་ལབ་དང་རྨི་ལམ་ལ་སོགས་པའི་ཐབས་ལ་བརྟེན་ནས་བཀོད་འབྲི་བྱེད་པ་ལ་སོགས་སོ། མི་སྣ་གང་ཞིག་ལ་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་དུ་བྱ་དངོས་གང་རུང་ཞིག་ལ་བྱུང་བའི་ལྟ་སྟངས་དང་མྱོང་རྟོགས་ལ་སོགས་པ་བཀོད་འབྲི་བྱས་ནས་མི་སྣའི་རང་གཤིས་འབུར་དུ་ཐོན་པ་དང་། མི་སྣའི་ནང་སེམས་ཀྱི་ལྐོག་གྱུར་མང་པོ་ཞིག་རྟོགས་ཐུབ་ཚེ་མི་སྣའི་སེམས་ཁམས་བཀོད་འབྲི་བྱས་པ་ལས་མི་སྣའི་གཟུགས་བརྙན་གསར་བཞེངས་ལ་ནུས་པ་ཐོན་ཐུབ། བཞི་ནས་བྱ་སྤྱོད་བརྒྱུད་ནས་མི་སྣ་བཀོད་འབྲི་བྱེད་སྐབས་མི་སྣའི་ལུས་ཀྱི་སྦྱོར་བ་ནི་ནང་བསམ་པས་ཚོད་འཛིན་དང་ཁ་ལོ་སྒྱུར་བཞིན་ཡོད་པས། གང་དེས་སྤེལ་བའི་བྱ་སྤྱོད་དོན་སྙིང་དང་ལྡན་པ་རྣམས་བཀོད་འབྲི་བྱེད་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གང་ལགས་ཤེ་ན། དེ་ནི་མི་སྣ་གང་དེའི་སྙིང་སྟོབས་དང་རང་གཤིས་མཚོན་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པར་ཤེས་དགོས། ལྔ་ནས་མི་སྣའི་གཏམ་བརྗོད་བཀོད་འབྲི་བྱེད་སྐབས་རྩོམ་ཡིག་ནང་མི་སྣས་བཤད་པའི་གཏམ་དོན་སྙིང་ཟབ་ཅིང་བསམ་གཞིག་བྱེད་རིན་ཡོད་པ་རྣམས་བཀོད་འབྲི་བྱེད་དགོས་ཤིང་། དེ་ཡང་མི་སྣ་ཕན་ཚུན་དབར་གྱི་གླེང་མོལ་དང་། མི་སྣ་མང་པོའི་ལབ་གླེང་། དེ་བཞིན་མི་གཅིག་གི་ཁེར་བཤད་དམ་ཆིག་ལབ་སོགས་ལས་རྩོམ་ཡིག་ཁྱོན་ཡོངས་ཀྱི་བརྗོད་དོན་ལ་གཞིགས་ནས་གདམ་གསེས་བྱེད་དགོས།
མདོར་བསྡུས་ནས་བཤད་ན། སློབ་ཆུང་སློབ་མས་མི་སྣ་ནས་འགོ་བརྩམས་ཏེ་རྩོམ་ཡིག་ལེགས་པོ་འབྲི་ཤེས་པ་དགོས་ཚེ། དགེ་རྒན་གྱིས་ངལ་བར་མ་འཛེམས་པར་བློ་གྲོས་ཀྱི་རྩལ་བཏོན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་དུ་འཕེལ་ཕྱིར་འབད་དགོས་པ་ལགས་སོ།
(བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ། པ་སངས)