རྩོམ་འབྲི་ནི་མི་ཞིག་གི་བསམ་བློའི་འཆར་སྒོ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ། ཕྱི་རོལ་ཡུལ་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་སོགས་ཡིག་ལམ་དུ་ཕབ་ནས་མྱོང་རོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། དེ་ཡང་བྲིས་པའི་རྩོམ་ཡིག་མྱོང་བ་པོའི་བློ་མོས་དང་མཐུན་མིན་ནམ། སྤྱི་ཚོགས་སྣང་ཚུལ་དང་མཐུན་མིན། རྩོམ་ཡིག་སྤུས་དག་ལོས་སོགས་ནི་རྩོམ་ཡིག་འབྲི་བ་པོ་གང་དེའི་སྤྱི་ཚོགས་འཚོ་བའི་མྱོང་གོམས་ཕུན་སུམ་ཚོགས་མིན་དང་། བསམ་གཞིག་གཏིང་ཟབ་་མིན། ཡུལ་གྱི་ཆགས་སྟངས་བཀོད་པ་དང་བྱ་དངོས་ཞིབ་འབྲིའི་འཆར་སྒོ་སོགས་ལ་ཉམས་ཞིབ་དང་ལྟ་ཞིབ་ཚགས་ཚུད་མིན། དེ་བཞིན་རྩོམ་པ་པོ་རང་ངོས་ཀྱི་རྒྱུན་གཏན་ནས་རྩོམ་ཡིག་འབྲི་བའི་ཀུན་སློང་དང་། རྩོམ་ཡིག་གི་རྒྱུ་ཆ་ཕུན་སུམ་ཚོགས་མིན་སོགས་དང་འབྲེལ་བ་ཆེས་ཆེར་ལྡན་ཡོད།
“རྩོམ་པའི་ཡོན་ཏན་འབྲི་བ་ཡིན། འབྲི་བཞིན་འབྲི་བཞིན་ལེགས་སུ་འགྲོ”ཞེས་པ་ལྟར་རྩོམ་པའི་ལམ་ལ་འཇུག་པའི་ལས་དང་པོ་བ་ཞིག་གི་ངོས་ནས་རྩོམ་པའི་ལམ་ལ་ཞུགས་མ་ཐག་ཏུ་བྲིས་པའི་རྩོམ་ཡིག་དག་ཡིད་དབང་འཕྲོག་པ་ཞིག་དང་ཕུལ་དུ་བྱུང་བ་ཞིག་ཡོང་ཅི་ལ་སྲིད། འོན་ཀྱང་བྲིས་ཀྱིན་བྲིས་ཀྱིན་དུ་རྩོམ་ལ་རྩོམ་རྒྱུ་ཁ་སྣོན་དང་། ཚིག་སྦྱོར་སྡེབ་སྒྲིག བསམ་བློ་གསར་པ་འདོན་པ་སོགས་ལ་བརྩོན་གྱུར་ན། རང་གི་རྩོམ་ཡིག་ཇེ་ལེགས་སུ་འགྲོ་སྲིད་པ་མ་ཟད། མུ་མཐུད་རྩོམ་ཡིག་འབྲི་འདོད་ཀྱི་ཀུན་སློང་ཡང་སྐྱེད་སྲིང་ཐུབ་པ་ཡིན། གཤམ་དུ་ཁོ་མོས་རང་ཉིད་ཀྱི་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་དང་འབྲེལ་ནས་སློབ་མའི་རྩོམ་འབྲིའི་ནུས་རྩལ་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བར་འདོད།
དང་པོ། གཞན་གྱི་རྩོམ་ཡིག་ལ་ལྟ་ཀློག་མང་ཙམ་བགྱིས་ཏེ་རྩོམ་འབྲིའི་རྨང་གཞི་འདིང་དགོས།
“ལྟ་ཀློག་ནི་ཆ་འཕྲིན་འཚོལ་སྡུད་དང་ཐག་གཅོད་བྱེད་པ་དང་འཇིག་རྟེན་ལ་ངོས་འཛིན་བྱེད་པ། བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་བ། མཛེས་རྟོག་གི་མྱོང་བ་ཐོབ་པར་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན”ཞེས་པ་ལྟར། རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་མིན་ནི་རྩོམ་པ་པོས་གཞན་གྱི་རྩོམ་ཡིག་ལ་ལྟ་ཀློག་བྱས་པ་ལས་ཐོབ་པའི་རྩོམ་འབྲིའི་ཉམས་མྱོང་ཕུན་སུམ་ཚོགས་མིན་ལ་རག་ལུས་མོད། རྩོམ་འབྲི་བའི་ལམ་ལ་ཞུགས་མ་ཐག་པའི་ལས་དང་པོ་བ་ཞིག་གི་ངོས་ནས་བརྗོད་ན། མི་གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་ལྟ་ཀློག་མང་ཙམ་བྱེད་དགོས་པ་ནི་གལ་འགངས་ཆེ་བ་ཞིག་ཡིན་ཏེ། ལུའུ་ཞུན་གྱིས“རྩོམ་ཡིག་ཇི་ལྟར་འབྲི་དགོས་ཤེ་ན། ང་ལ་གསལ་པོ་ཞིག་ཤོད་རྒྱུ་མེད། ངའི་རྩོམ་ཡིག་ནི་གཞན་གྱི་རྩོམ་ཡིག་མང་ཙམ་བཀླགས་པ་དང་འབྲི་སྦྱོང་མང་དུ་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ལས་གཞན་གྱི་འཆར་སྣང་ངམ་ཐབས་ཤེས་ཤིག་ང་ལ་མེད”ཅེས་གསུངས་པ་དང་། ཀོར་ཅི་ཡིས“དཔེ་དེབ་ལ་དགའ་བར་གྱིས་དང་། དེས་ཁྱེད་ལ་སྟོབས་ཤུགས་སྩོལ་ངེས”ཞེས་གསུངས་པ་ལྟར། བརྗོད་དོན་ཟབ་ལ་ཡིད་དབང་འཕྲོག་པའི་རྩོམ་ཡིག་ཅིག་འབྲི་བསམ་ན་གཞན་གྱི་རྩོམ་ཡིག་གང་མང་ཀློག་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད།
གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་ལྟ་ཀློག་བྱེད་ཤེས་པ་བྱ་རྒྱུ་ནི་རང་ཉིད་ཀྱིས་རྩོམ་ཡིག་ལེགས་པོ་འབྲི་ཐུབ་མིན་གྱི་འགག་གནད་ཅིག་ཡིན། སློབ་ཆུང་གི་སློབ་མ་ནི་རིག་པ་སྐྱེན་ནའང་། བྱ་དངོས་གསར་པར་གཡེངས་སླ་བའི་སེའུ་བཅུ་པ་ཤ་སྟག་ཡིན་པས་ན། ང་ཚོས་སློབ་མའི་བསམ་གཞིག་གི་ནུས་པ་དང་རྩོམ་འབྲིའི་ནུས་པ་གཉིས་ཟུང་དུ་འབྲེལ་ཐུབ་པ་བྱས་ཏེ་སློབ་ཕྱིའི་དུས་ཚོད་དང་། སྔ་དགོང་གི་དུས་ཚོད་ཕྲན་བུ་ལས་མེད་ནའང་སློབ་མ་དང་མཉམ་དུ་བྱ་དངོས་ག་གེ་མོར་ལྟ་ཞིབ་དང་། མི་སྣ་ག་གེ་མོའི་ཕྱིའི་རྣམ་པར་རྒྱུས་ལོན་བྱས་ཏེ་དེ་དག་གི་ཁྱད་ཆོས་སོགས་ཞིབ་འབྲི་ཐུབ་པ་བྱས་ནས་སློབ་མའི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་གང་ཐུབ་བྱེད་དགོས་པ་དང་། གཞན་གྱིས་བྲིས་པའི་ཅུང་གོ་བདེ་ལ་ནང་དོན་ཁ་གསལ་བའི་རྩོམ་ཡིག་རེ་གཉིས་ཀློག་ཏུ་བཅུག་ནས་དེ་དག་གི་བརྗོད་དོན་དང་། བྱུང་རིམ་མདོར་བསྡུས། བྱ་དངོས་འཕེལ་འགྱུར་གྱི་དུས་ཀྱི་སྔ་ཕྱི་སོགས་ལ་དབྱེ་ཞིབ་བྱེད་དུ་འཇུག་དགོས། གཞན་གྱི་རྩོམ་ཡིག་ལྟ་ཀློག་བྱ་རྒྱུ་ནི་དོན་དུ་རང་གི་རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱེད་པ་ཞིག་ཡིན་པས། ཐོག་མར་ཕྱོགས་རིས་དང་དད་ཞེན་གྱི་བསམ་བློ་དོར་ཏེ་འབྲེལ་ཡོད་དཔེ་ཆ་དང་རྩོམ་ཡིག་གང་མང་ལ་ལྟ་ཀློག་བྱེད་དགོས་པ་དང་། དེ་ནས་སྙིགས་དོར་བཅུད་ལེན་གྱིས་རང་གི་བསམ་པའི་ལས་སྣོན་དང་ཉམས་མྱོང་ཟུང་དུ་འབྲེལ་ཏེ་རྩོམ་འབྲིར་འཇུག་དགོས།
གཉིས་པ། རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་ཐབས་ཁག་ལག་ལེན་དུ་འཁྱོལ་བ་བྱེད་དགོས།
གཅིག རྗོད་པའི་ཕྲེང་བ་བཟོ་བ་ནས་འགོ་བརྩམ་དགོས་པ།
དེ་ཡང་རྗོད་པའི་ཕྲེང་བ་བཟོ་རྒྱུ་ནི་སློབ་མས་རྩོམ་ཡིག་འབྲི་བའི་གོམ་པ་དང་པོ་དེ་ཡིན། རྗོད་པའི་ཕྲེང་བ་ལེགས་པོ་ཞིག་བཟོ་ཤེས་ན་རྩོམ་ཡིག་སྤུས་ལེགས་ཤིག་འབྲི་ཐུབ་རྒྱུར་ཕན་ཐོགས་ཆེ་བ་མ་ཟད། སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ་གོང་མཐོར་འགྲོ་རྒྱུར་ཡང་ཕན་པ་ཧ་ཅང་ཆེ། དཔེར་ན། “སློབ་མ་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་ལུས་རྩལ་ཐང་དུ་གྲལ་སྟར་སྒྲིག་བཞིན་འདུག”ལྟ་བུའམ“སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྦྱོང་ཚན་འབྲི་བཞིན་འདུག”ལྟ་བུའི་རྗོད་པའི་ཕྲེང་བའམ་ཡང་ན། “མུ་མེད་རྩྭ་ཐང་སྟེང་དུ་རྐང་བཞིའི་ཚོགས་ཀྱིས་བྲོ་གར་ལ་རོལ”ཞེས་པའམ“མཐའ་ཡས་ཨ་སྔོན་དབྱིངས་སུ་འདབ་ཆགས་ཀྱིས་གཤོག་ཟུང་ཅི་དགར་བསྒྱུར”ལྟ་བུར་ཆ་མཚོན་ན། གཅིག་མཇུག་གཉིས་མཐུད་དང་བློ་རྩེ་གཅིག་སྒྲིམ་ལྟ་བུའི་ཐ་སྙད་བེད་སྤྱོད་སྟངས་ནས་འགོ་བརྩམས་ཏེ། རྐང་བཞི་དང་ཨ་སྔོན་ལྟ་བུ་སྦྱངས་ཟིན་པའི་མངོན་བརྗོད་ཁག་གཅིག་གི་བཀོལ་སྟངས་སོགས་དང་འབྲེལ་ནས་སློབ་མས་ཕྱི་རོལ་ཡུལ་གྱི་སྲོག་ཆགས་ཀྱི་འཚོ་བའི་གོམས་གཤིས་དང་ངང་ཚུལ་རྣམས་དོན་དངོས་དང་འཆར་ཡན་ཟུང་འབྲེལ་གྱི་ཚིག་སྦྱོར་སྤྱད་ནས་རིང་ཐུང་མི་གཅིག་པའི་རྗོད་པའི་ཕྲེང་བའི་ལམ་ནས་བཀོད་འབྲི་བྱེད་ཐུབ་ན། དེ་ནི་ཕྱོགས་གཅིག་ནས་སློབ་མ་གང་དེའི་བྱ་དངོས་ལ་བསམ་གཞིག་བྱེད་པའི་ནུས་རྩལ་གོང་མཐོར་འགྲོ་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་རྒྱུར་རྨང་གཞི་ངེས་ཅན་འདིང་ཐུབ།
གཉིས། རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱེད་ཤེས་པ་དགོས་པ།
རྒྱུ་ཆ་ནི་རྩོམ་ཡིག་གི་ཤ་ཁྲག་ལྟ་བུ་ཡིན་ཞེས་པ་ལྟར། གཞན་གྱིས་གདེང་འཇོག་ཐོབ་པའི་རྩོམ་ཡིག་སྤུས་དག་ཅིག་འབྲི་དགོས་ན། ཐོག་མར་རྒྱ་ཆེ་ལ་གནད་དུ་འཁེལ་བའི་རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱེད་རྒྱུར་འབད་དགོས། རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་ཅེས་པ་ནི་རང་ཉིད་ཀྱིས་འབྲི་བསམ་པའི་རྩོམ་ཡིག་གི་བརྗོད་གཞི་དེ་དང་འབྲེལ་བའི་རྩོམ་གྱི་རྒྱུ་ཆ་གསོག་འཇོག་བྱེད་པ་ཞིག་ལ་ཟེར་ཞིང་། རྒྱུ་ཆ་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་པ་དང་། སློབ་ཆུང་སློབ་མར་གདོད་མའི་རྒྱུ་ཆ་སྤུས་ལེགས་དང་། ཁུངས་བཅོལ་ལུང་བརྟེན་གསོག་འཇོག་བྱེད་པའི་ནུས་པ་དེ་ཙམ་མེད་པས། ང་ཚོས་རྒྱུན་དུ་རྒྱུ་ཆ་གསོག་འཇོག་བྱེད་སྐབས“ཕྱོགས་མི་འདྲ་བ་ནས་འཚོ་བར་ལྟ་ཞིབ་བྱེད་པ་དང་། འཚོ་བ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ཤེས་པར་བྱེད”ཅེས་པ་ལྟར། ཐབས་ཤེས་སྣ་མང་སྤྱད་དེ་རྣམ་ཀུན་མཐོང་ཆོས་སུ་སྣང་བའི་བྱ་དངོས་དང་། སྣང་ཚུལ། མི་སྣ་སོགས་འདེམས་རྒྱུར་ཁྲིད་སྟོན་བྱེད་དགོས།
སློབ་མར་རྩོམ་གྱི་རྒྱུ་ཆ་གསོག་འཇོག་བྱེད་དུ་འཇུག་རྒྱུ་ནི་ལམ་ཞིག་ཏུ་འགྲོ་མི་ཤེས་པའམ་བསྐྱོད་མི་ཐུབ་པའི་མི་གང་ཞིག་ལ་ལམ་སྟོན་གྱིས་སྐྱོར་ཁྲིད་བྱེད་པ་དང་མཚུངས་པ་སྟེ། ལམ་དེར་མ་བསྐྱོད་གོང་ལམ་དེའི་ཆགས་ལུགས་དང་འགྲོ་སྐྱོད་བདེ་མིན། ལམ་ཁ་བཟང་མིན་སོགས་ངོ་སྤྲོད་བྱས་པ་ལྟར་རྩོམ་ཡིག་མ་བྲིས་གོང་རྒྱུ་ཆ་གསོག་འཇོག་དང་གསོག་འཇོག་བྱས་པའི་རྒྱུ་ཆ་དག་གི་སྤྱོད་སྟངས་མཛུབ་ཁྲིད་བྱ་རྒྱུ་ནི་གཙོ་གནད་ཅིག་གོ
གསུམ། སློབ་མས་ཡི་གེའི་དག་ཆར་དོ་སྣང་བྱེད་པའི་གོམས་གཤིས་འཇགས་པར་སྣེ་ཁྲིད་བྱེད་པ།
ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས། “ལེགས་པ་བས་ཀྱང་མགྱོགས་པ་གཙོ། མགྱོགས་པ་བས་ཀྱང་སྙོམས་པ་གཙོ། སྙོམས་པ་བས་ཀྱང་དག་པ་གཙོ། དེས་ན་དག་པ་གཙོ་བོ་ཡིན”ཞེས་པ་དང་། “དག་ཆ་ཡི་གེའི་རྨང་གཞི་ཡིན”ཞེས་པ། དེ་བཞིན“ཡིག་གཟུགས་མཛེས་ཀྱང་ཧ་ལོའི་མེ་ཏོག་འདྲ། དག་ཆ་མེད་ན་སེང་གེའི་རོ་དང་མཚུངས”ཞེས་པ་སོགས་ལས། དག་ཆ་ནི་གཙོ་བོའི་ནང་གི་གཙོ་རྐང་དེ་ཡིན་པ་གསལ་བཤད་བྱས་ཡོད་ཅིང་། དག་ཆ་ནི་ང་ཚོས་མི་ཞིག་གི་ཀུན་སྤྱོད་ཀྱི་ཚད་དུ་བཟུང་ནས་ཀུན་སྤྱོད་ལེགས་པོ་ནི་ཕྱིས་འབྱུང་འཚོ་བའི་ལམ་ཡིག་ལྟ་བུར་གྲུབ་པ་བཞིན། ཡི་གེར་དག་ཆ་མེད་ན་རྗེས་སུ་མི་ཕན་ཚུན་དབར་འབྲེལ་བ་བྱེད་དུས་བརྗོད་དོན་འཁྲུལ་བར་ཐེ་ཚོམ་ཅི་སྟེ། ང་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི“ང་ན་ཚྭ(ཚ)མེད་། གཡག་ལྔ(རྔ)དཀར་ཤི་སོང”ཞེས་པའི་དཔེ་ལས་ཡི་གེའི་དག་ཆ་ནོར་ན་བརྗོད་དོན་གྱི་སྙིང་པོ་ཡོངས་སུ་ཕྱིན་ཅི་ལོག་པའི་གནས་ལུགས་ཤེས་སྲིད།
དེས་ན་ང་ཚོས་སློབ་ཆུང་གི་དུས་སྐབས་ནས་བཟུང་སྟེ། ཕྱོགས་གཅིག་ནས་མིང་ཚིག་དཔོད་བྲིས་དང་ངག་བྲིས་བྱེད་དུ་བཅུག་ནས་སློབ་མར་མིང་ཚིག་མང་ཙམ་གསོག་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད། ཕྱོགས་གཞན་ཞིག་ནས་བསླབ་ཚན་གྱི་དམིགས་ཚད་བཞིན་གཏན་འཁེལ་བྱས་པའི་བརྡ་སྤྲོད་ཀྱི་ཤེས་བྱ་ཁག་ལ་སྦྱངས་པ་མཐར་ཕྱིན་པ་བྱས་ཏེ། རྩོམ་ཡིག་འབྲི་སྐབས་དག་ནོར་མ་ཐོན་སྔོན་འགོག་གང་ལེགས་བྱེད་དགོས། གལ་ཏེ་བྲིས་པའི་མ་རྩོམ་གྱི་དག་ཆ་གཅིག་ནོར་ཚེ། འབྲི་བྱའི་རྩོམ་གྱི་བརྗོད་དོན་ཁྱོན་ཡོངས་ལ་འགྱུར་བ་འགྲོ་བ་ནི་གོང་དུ་བརྗོད་པའི་དཔེ་ལས་གསལ་བཤད་གང་ལེགས་བྱས་ཡོད།
གསུམ་པ། རྩོམ་ཡིག་ལ་དག་བཅོས་ཡང་ཡང་བྱེད་པའི་གོམས་གཤིས་འཇགས་པར་བྱེད་དགོས།
“རྩོམ་ཡིག་བྲིས་ནས་མ་བྱུང་བཅོས་ནས་བྱུང”ཞེས་པ་ལྟར། རྩོམ་ཡིག་ལ་བཟོ་བཅོས་བྱེད་ཤེས་པ་དགོས་རྒྱུ་དེ་ནི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་ཡིན།
རྩོམ་ཡིག་ལ་བཟོ་བཅོས་བྱ་ཐབས་དུ་མ་མཆིས་ཀྱང་གཙོ་ཆེར་སློབ་མ་སོ་སོས་བཟོ་བཅོས་བྱེད་པ་དང་། སློབ་མ་ཕན་ཚུན་གྲོས་བསྡུར་གྱིས་མཉམ་དུ་བཟོ་བཅོས་བྱེད་པ། དགེ་རྒན་དང་སློབ་མ་མཉམ་དུ་བཟོ་བཅོས་བྱེད་པ་བཅས་རྣམ་པ་གསུམ་ཙམ་ལ་ཕྱེ་དགོས་པ་སྟེ། སློབ་མ་སོ་སོས་བཟོ་བཅོས་བྱེད་ཅེས་པ་ནི་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་གི་ཁྱོན་ཡོངས་ལ་ནོར་འཁྲུལ་དང་འགལ་རྐྱེན་ཡོད་མེད་དང་། གོ་རིམ་འཁྲུག་མིན། རྩོམ་གཞི་ཁྱོན་ལ་འགྱུར་བ་ཇི་ལྟ་བུ་བྱུང་བ། འབྲི་བྱའི་ནང་དོན་འབུར་དུ་ཐོན་ཡོད་མེད། དེ་བཞིན་རྩོམ་གྱི་སྒྲིག་གཞི་སོགས་ལ་ཡང་སྐོར་བསྐྱར་སྐོར་གྱིས་ལྟ་ཀློག་དང་བཟོ་བཅོས་བྱེད་པ་ལ་ཟེར། སློབ་མ་ཕན་ཚུན་གྲོས་བསྡུར་གྱིས་བཟོ་བཅོས་བྱེད་ཅེས་པ་ནི་རྩོམ་ཡིག་གང་དེའི་ནང་དོན་དང་། སྡེབ་སྦྱོར། སྒྲིག་གཞི། འགོ་མཇུག དེ་བཞིན་རྩོམ་ཡོངས་ཀྱི་དག་ཆ་དང་ཕྲད་སོགས་ལ་གཟབ་ནན་གྱིས་ལྟ་ཞིབ་བྱས་ཏེ། རང་གི་ལྟ་བ་དང་འཆར་སྒོ་གསལ་སྟོན་གྱིས་ཕན་ཚུན་བགྲོ་གླེང་གི་ཚུལ་གྱིས་རྩོམ་ཡིག་ལ་བཟོ་བཅོས་བྱེད་པ་ལ་ཟེར་བ་ཡིན། དེ་ལྟར་བྱུང་ན་གཅིག་ནས་རང་ཉིད་ཀྱིས་ཀྱང་རྩོམ་ཡིག་འབྲི་དུས་མི་གཞན་གྱི་བསམ་བློ་གསར་པའམ་འབྲི་ཐབས་གསར་པ་དག་བཀོལ་སྤྱོད་བྱེད་ཐུབ་ལ། གཉིས་ནས“ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ”ཞེས་པ་ལྟར་རྩོམ་ཡིག་ཧྲིལ་པོའི་ནང་དོན་དེ་བས་གསོན་ཉམས་ལྡན་ལ་ཕུན་སུམ་ཚོགས་པ་ཞིག་ཡོང་སྲིད། དགེ་རྒན་དང་མཉམ་དུ་བཟོ་བཅོས་བྱེད་སྐབས་སློབ་མ་སོ་སོའི་རྩོམ་འབྲིའི་ལྟ་བ་དང་བསམ་པའི་འཆར་སྒོ་གསལ་སྟོན་བྱེད་ཆོག་ལ། དགེ་རྒན་གྱི་མཛུབ་སྟོན་དང་སློབ་མ་རང་ཉིད་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་ནས་ལྟ་བ་གསར་པ་ཞིག་གི་ཐོག་ནས་རྩོམ་ཡོངས་ལ་བཟོ་བཅོས་བྱེད་ཐུབ།
མདོར་ན། རྩོམ་ཡིག་ལེགས་པོ་ཞིག་འབྲི་དགོས་ན། གཅིག་ནས་མང་དུ་ཀློག་དགོས་པ་དང་གཉིས་ནས་མང་དུ་འབྲི་བ་ནི་རྩོམ་འབྲིའི་རྨང་གཞིའི་ཐབས་ཤེས་ཤིག་ཡིན། ང་ཚོ་དགེ་རྒན་གྱིས་རྣམ་ཀུན་ནས་སློབ་མའི་རྩོམ་ཡིག་ལ་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག སློབ་མར་རང་གིས་བྲིས་པའི་རྩོམ་ཡིག་ལ་ཡང་སྐོར་བསྐྱར་སྐོར་གྱིས་བཟོ་བཅོས་བྱེད་དུ་བཅུག་སྟེ་རྩོམ་གྱི་རྒྱུ་ཆ་འཕྲི་སྣོན་དང་། རྒྱུ་ཆ་བརྗེ་ལེན། རྒྱུ་ཆ་སྡེབ་སྒྲིག་སོགས་བྱས་ནས་རྩོམ་གཞི་ཁྱོན་ཡོངས་ཀྱི་གོང་འོག་འབྲེལ་ཆགས་པ་དང་། བརྗོད་གཞི་འབུར་དུ་ཐོན་པ། རྗོད་བྱེད་ཀྱི་ཡི་གེ་ཆད་ལྷག་དང་ནོར་སྐྱོན་མེད་པ། ཚིག་སྐྱོན་དོན་སྐྱོན་ཟློས་སྐྱོན་སོགས་སྤྱིར་མ་ཞུགས་པ་བྱས་ན། ད་གཟོད་སློབ་ཆུང་སློབ་མས་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཡིད་གར་འོང་བའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་ངེས་རེད།
(དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་བོད་ཡིག་སློབ་དཔྱོད་ཁང་། ཉི་ཕན)