[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་བོད་ཡིག་ལྟ་ཀློག་སློབ་ཁྲིད་ཀྱི་འོས་འགན་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-08

    སློབ་ཆུང་གི་དུས་སྐབས་ནི་སློབ་མར་བོད་ཡིག་ལྟ་ཀློག་གི་སྒོ་མོ་འབྱེད་པའི་དུས་དང་། སློབ་མས་བོད་ཡིག་ལྟ་ཀློག་ལེགས་པོ་བྱེད་ཐུབ་མིན་རྨང་གཞི་འདིང་བའི་དུས་མཚམས་གལ་ཆེན་ཞིག་ཡིན་པ་མ་ཟད། རྣམ་ཀུན་གྱི་བོད་ཡིག་སློབ་ཚན་གྱི་ཚོགས་ཐུན་རེ་རེ་ནི་སློབ་མ་ཚོ་བོད་ཡིག་ལྟ་ཀློག་ལ་འཇུག་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། གུས་པས་འདིར་ལྟ་ཀློག་སློབ་ཁྲིད་སྐོར་གྱི་གནད་དོན་འགའ་གླེང་བར་བྱ་སྟེ།

    དང་པོ། ལྟ་ཀློག་སློབ་ཁྲིད་ཀྱི་ངོ་བོ་དང་གལ་ཆེའི་རང་བཞིན།

    《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》རུ“ལྟ་ཀློག་སློབ་ཁྲིད་ནི་སློབ་མ་དང་། དགེ་རྒན། དཔེ་དེབ་བཅས་ཀྱི་དབར་ཁ་བརྡ་བྱེད་པའི་གོ་རིམ་ཞིག་ཡིན”ཞེས་གསུངས་པ་ལྟར། སློབ་མས་དཔེ་དེབ་ཀློག་པ་དང་དགེ་རྒན་གྱིས་ཁྲིད་སྟོན་བྱས་ཏེ། སློབ་མ་རྣམས་དེ་ལྟའི་ཁ་བརྡའི་ཁྲོད་ནས་མྱོང་ཚོར་དང་། ཤེས་རྟོགས། མྱོང་རོལ། དཔྱད་འཇོག་བཅས་ཀྱི་ནུས་རྩལ་ལྡན་པ་ཞིག་ཏུ་སྐྱེད་སྲིང་བྱེད་དགོས་ཤིང་། 《སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་དང་། སློབ་ཁྲིད་ནུས་རྩལ》ཞེས་པར“ལྟ་ཀློག་སློབ་ཁྲིད་ནི་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་ཕྲུག་གིས་སློབ་གཞི་དང་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་བྱས་ཏེ། བརྩམས་ཆོས་ཀྱི་དོན་ལ་གོ་བ་ལོན་པ་དང་། སྐད་ཆ་ཤོད་པ་དང་། རྩོམ་རྩལ་གོང་མཐོར་འགྲོ་བ་སོགས་ལྟ་རྒྱ་ཐོས་རྒྱ་གོང་མཐོར་འགྲོ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན”ཞེས་གསུངས་པ་ལྟར། ང་ཚོས་རྣམ་ཀུན་གྱི་སློབ་ཁྲིད་ནི་ཡིག་ཚད་ལ་ཁ་གཏད་གཅོག་པ་ཁོ་ན་མ་ཡིན་པར་སློབ་ཚན་རེ་རེ་སློབ་ཁྲིད་བྱས་པ་བརྒྱུད། སློབ་མའི་ཕྱོགས་བསྡུས་ཀྱི་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གལ་འགངས་ཆེ་ལ། སློབ་མ་ཞིག་ཕྱོགས་གང་ཅིར་ཡར་རྒྱས་ཡོང་ཐུབ་པའི་ཐབས་ལམ་ལེགས་པོ་ཞིག་ནི་སློབ་མ་གང་དེའི་ལྟ་ཀློག་གི་དགའ་མོས་གསོ་སྐྱོང་ལ་རག་ལུས་པ་ཡིན་ཏེ། སུའུ་ལན་གྱི་སློབ་གསོ་བ་མཁས་ཅན་སུའུ་ཧའོ་མུའུ་ལིས་སི་ཅིན་གྱིས། “སློབ་མ་སྤྱང་པོ་ཡོང་བའི་ཐབས་ནི་སློབ་ཚན་གསབ་ཁྲིད་བྱེད་པ་མ་རེད་ལ། སྦྱོང་གཞི་ཁ་སྣོན་བྱེད་པའང་མ་རེད། དེ་ནི་ལྟ་ཀློག ལྟ་ཀློག ཡང་བསྐྱར་ལྟ་ཀློག་བྱ་རྒྱུ་རེད”ཅེས་གསུངས་པ་ཇི་བཞིན་རེད།

    གཉིས་པ། སློབ་ཆུང་ལྟ་ཀློག་སློབ་ཁྲིད་ཀྱི་འོས་འགན།

    གཅིག སློབ་མའི་ཀུན་སྤྱོད་གསོ་སྐྱོང་ཐུབ་པ་དགོས།

    སློབ་ཆུང་བོད་ཡིག་བསླབ་གཞིའི་ནང་རྒྱལ་ཕྱི་རྒྱལ་ནང་གི་གྲགས་རྩོམ་མང་པོ་ཞིག་མཆིས་པ་དེ་དག་གི་ཁྲོད་དུ་མི་སྣ་རླབས་ཆེན་གྱི་རྟོགས་པ་བརྗོད་པ་དང་། བཟང་པོའི་བསླབ་བྱ་སྟོན་པའི་སྒྲུང་གཏམ་མང་པོ་ཡོད་ལ། ལྷག་པར་དུ་ས་སྐྱ་ལེགས་བཤད་དང་། ཆུ་ཤིང་བསྟན་བཅོས་ལ་སོགས་པ་སློབ་མའི་ལོ་ནའི་ཁྱད་ཆོས་དང་འཚམ་པའི་ལེགས་བཤད་མང་པོ་བཀོད་སྒྲིག་བྱས་ཡོད། དེ་བཞིན་གནས་ལུགས་བཟང་པོ་སྟོན་པའི་གཏམ་དཔེ་དང་། དམངས་གཞས། རྩོམ་པ་པོ་གྲགས་ཅན་ཇི་སྙེད་ཅིག་གི་བརྩམས་ཆོས་མང་པོ་བཀོད་ཡོད་པས། དེ་དག་སློབ་ཁྲིད་བྱེད་སྐབས་ང་ཚོས་སློབ་མའི་མི་གཤིས་གསོ་སྐྱོང་ཐུབ་པའི་རྨང་གཞི་དང་ལག་ཆ་གཙིགས་ཆེན་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་ལ། ཡང་སྒོས་སུ་དཔེ་ཁྲིད་མི་སྐྱོང་ལས་མི་སྣ་སྐྱོང་བ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ཡིན་པས། ང་ཚོས་ལྟ་ཀློག་སློབ་ཁྲིད་ཁྲོད་དུ་སློབ་མའི་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ་ནི་གནད་ཀྱི་དམ་པ་རང་ཡིན། དཔེར་ན། ང་ཚོས《ཁ་ཆེ་ཕ་ལུའི་བསླབ་བྱ》ཞེས་པའི་སློབ་ཚན་སློབ་ཁྲིད་བྱས་ཏེ་སློབ་མའི་རྒྱུད་ལ་ཕ་མའི་དྲིན་ལན་ལེགས་པར་འཇལ་དགོས་པའི་སློབ་གསོ་ཐེབས་ཐུབ་པ་བྱེད་དགོས་ཤིང་། 《བུ་ཆུང་ཧྲན་ཏེ》ཞེས་པ་དང《དབུལ་པོ》ཞེས་པ་ལྟ་བུའི་སློབ་ཚན་ལས་འཚོ་བར་དཀའ་ངལ་ཇི་ཙམ་འཕྲད་ནའང་དྲང་བདེན་གྱི་རང་གཤིས་སོར་གནས་ཐུབ་པ་དང་། གཞན་ལ་རོགས་རམ་བྱེད་པའི་སེམས་རྒྱུད་ཀྱིས་ཕྱུག་པའི་མི་མང་པོ་ཡོད་པར་སློབ་སྦྱོང་ཐུབ་པ་དགོས། 《ལས་དབང་རྡོག་རོལ་དུ་བཏང་བ》ཞེས་པའི་སློབ་ཚན་སློབ་ཁྲིད་བྱས་ཏེ་སློབ་མས་དཀའ་ངལ་གྱི་མདུན་དུ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་ཐུབ་པ་དགོས་པ་ལྟ་བུའོ།

    གཉིས། ལྟ་ཀློག་གི་ནུས་རྩལ་སྦྱོང་བརྡར་ཐུབ་པ་དགོས།

    དེང་གི་རང་རེའི་སྐད་ཡིག་སློབ་ཁྲིད་ལ་ཆ་མཚོན་ན། སློབ་ཁྲིད་ཀྱི་འཐབ་ས་མདུན་མར་གནས་པའི་དགེ་རྒན་ཚོས་དཀའ་བ་དུ་མ་ཁྱད་དུ་བསད་དེ་སློབ་མ་ཚོར་སྐད་ཡིག་སློབ་ཁྲིད་བྱེད་མུས་ཡིན། ཡིན་ནའང་སློབ་ཆུང་གི་སློབ་ཐོན་སློབ་མ་མང་པོས་ཡིག་ཚད་ཀྱི་སྐར་གྲངས་མཐོ་པོ་གཏོང་ཐུབ་ཀྱང་སློབ་ཕྱིའི་སློབ་དེབ་དང་། ཚགས་པར་སོགས་ལྟ་ཀློག་ལེགས་པོ་ཞིག་བྱེད་མི་ཐུབ་པས། སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་ནང་དུ་གཏན་འབེབས་བྱས་པའི་སློབ་རིམ་གསུམ་པའི་ལྟ་ཀློག་གི་དམིགས་ཚད་ཁྲོད་དུ“གསལ་ཞིང་དག་ལ་སྙན་ཞིང་མྱུར་བའི་སྒོ་ནས་སློབ་ཚན་གྱེར་ཀློག་བྱེད་ཐུབ་པ་དགོས་པ་དང་། ཁོག་འདོན་བྱེད་པར་མྱུར་ཚད་ངེས་ཅན་ལྡན་དགོས་ཤིང་། སྤྱིར་བཏང་གི་དཔེ་དེབ་ཁོག་འདོན་བྱས་ན་མ་མཐར་ཡང་སྐར་མ་རེར་ཚིག་ཁྱིམ200ཡན་ཀློག་ཐུབ་པ”དགོས་པའི་དམིགས་ཚད་ལ་སླེབས་པར་དཀའ་ངལ་ཆེན་པོ་ཡོད་པ་སྨོས་མེད་རེད། དེས་ན། ང་ཚོས་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་ལྟ་ཀློག་གི་ནུས་རྩལ་ལ་སྦྱོང་བརྡར་སྤྲོས་ཐུབ་པ་དགོས་པ་ནི་སློབ་ཁྲིད་ཀྱི་འོས་འགན་གལ་ཆེན་པོ་ཞིག་རེད།

    གསུམ། སྐད་ཡིག་གི་རྒྱུ་ཆ་གསོག་འཇོག་ཐུབ་པ་དགོས།

    སྐད་ཡིག་སློབ་ཚན་གྱི་ཚད་གཞི་རུ་བསྟན་པའི་སློབ་ཚན་གྱི་སྤྱིའི་དམིགས་ཚད་ནང་དུ“རྒྱུན་སྤྱོད་ཀྱི་མིང་དང་ཡི་གེ3200ནས་3800ཡི་དག་ཆ་ཤེས་པ་བྱེད་དགོས”ཞེས་ཚད་གཞི་གཏན་འཁེལ་གནང་ཡོད་པ་དང་། སློབ་རིམ་སོ་སོར་ཕུལ་དུ་བྱུང་བའི་སྙན་ངག་དང་རྩོམ་ཡིག་ཇི་ཙམ་བློ་འཛིན་ཐུབ་དགོས་མིན་སོགས་ཀྱི་ཚད་གཞི་གཏན་འཁེལ་གནང་བའི་དགོངས་པ་དང་དུ་བླངས་ཏེ། ང་ཚོས་སློབ་རིམ་དང་པོ་ནས་འགོ་བཙུགས་ཏེ་སློབ་མའི་སྐད་ཡིག་གི་མིང་བརྡ་གསོག་འཇོག་དང་བེད་སྤྱོད་ཐུབ་རྒྱུར་བརྩོན་རྒྱུ་ནི་སྐད་ཡིག་སློབ་ཁྲིད་པ་ཞིག་གི་དོར་དུ་མེད་པའི་འོས་འགན་རེད།

    བཞི། ཁ་སྐད་འབྲེལ་འདྲིས་ཀྱི་ནུས་པ་མཐོར་འདེགས་ཐུབ་པ་དགོས།

    རྣམ་ཀུན་སློབ་ཕྲུག་ཚོས་སློབ་ཚན་ཉན་པ་དང་སློབ་མ་ཕན་ཚུན་གཏམ་གླེང་བྱེད་པ། དྲི་བར་ལན་འདེབས་པ། དེ་བཞིན་འཛིན་གྲྭའི་ནང་དུ་རང་ཉིད་ཀྱིས་བྱ་དངོས་ཤིག་ལ་འཛིན་པའི་ལྟ་སྟངས་གླེང་བ་ལ་སོགས་པའི་ཁོར་ཡུག་ཁྲོད་དུ་སློབ་མའི་ཁ་སྐད་འབྲེལ་འདྲིས་ཀྱི་ནུས་པ་མཐོར་འདེགས་ཐུབ་པར་ཤུགས་སྣོན་རྒྱག་དགོས་ལ། “ཁ་སྐད་འབྲེལ་འདྲིས་བྱེད་པ་དེས་མི་ཞིག་གིས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། གོ་བ་ལེན་པ། གཏམ་ལན་སློག་པ། མི་ལ་བསྟུན་མཁས་བྱེད་པ་བཅས་ཀྱི་ནུས་པ་མཚོན་ཐུབ”ཅེས་གསུངས་པ་ལྟར། ཁ་སྐད་འབྲེལ་འདྲིས་ཀྱི་སློབ་ཁྲིད་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཞིང་། དེས་སློབ་མའི་ཁ་སྐད་འབྲེལ་འདྲིས་ཀྱི་ནུས་པ་གསོ་སྐྱོང་ལ་ཕན་པ་ཆེན་པོ་ཐོན་ཐུབ་པས། ང་ཚོས་རྣམ་ཀུན་གྱི་ཚོགས་ཐུན་ཁྲོད་དུ་སློབ་མར་དྲིས་ལན་འདེབས་པ་དང་། སློབ་མ་ཕན་ཚུན་གཏམ་གླེང་བྱེད་དུ་འཇུག་པ། རི་མོར་བལྟས་ནས་སྐད་ཆ་ཤོད་དུ་འཇུག་པ། གཏམ་རྒྱུད་ཤོད་རེས་བྱེད་དུ་འཇུག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བེད་སྤྱད་དེ་སློབ་མའི་ཁ་སྐད་འབྲེལ་འདྲིས་ཀྱི་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་ནི་ལྟ་ཀློག་སློབ་ཁྲིད་ཀྱི་འོས་འགན་ཆེན་པོ་གཞན་ཞིག་རེད།

    མདོར་ན། ང་ཚོས་སྐད་ཡིག་སློབ་ཁྲིད་ནི་ཡིག་ཚད་ཁོ་ནའི་ཆེད་དུ་སློབ་ཁྲིད་བྱེད་པ་ཞིག་མ་ཡིན་པར། ལྟ་ཀློག་སློབ་ཁྲིད་ཀྱི་འོས་འགན་གང་ཡིན་ལེགས་པར་རྟོགས་པ་བྱས་ཏེ་རྣམ་ཀུན་རང་ཉིད་ཀྱི་སློབ་ཁྲིད་བྱེད་ཕྱོགས་ལ་སྒྱུར་བཅོས་ཅུང་ཟད་བྱུང་ན་སྙམ་པའི་ཀུན་སློང་གིས་རབ་ཏུ་བསྐུལ་ཏེ་ཅུང་ཟད་གླེང་བར་བྱས་ནའང་། སློབ་ཁང་སློབ་ཁྲིད་ནི་རྐྱང་སྐུམ་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། ཁོ་བོའི་ལྟ་ཚུལ་ཁྲོད་ན་མ་དག་མ་འགྲིག་པའི་ཆ་ཡོད་ངེས་པས་མཁྱེན་ལྡན་དག་གིས་ཐུགས་བརྩེའི་བཀའ་སློབ་གནང་རྒྱུའི་རེ་བ་སྙིང་དབུས་ནས་ཞུའོ།

    (ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ། བཀྲ་ཤིས་ཆུང་བ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།