[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་འཛིན་བདག་གི་འགན་འཁྲིའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-01

    “ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག”ཅེས་གསུངས་པ་ལྟར། སློབ་གསོ་ནི་ཆེ་ས་ནས་བརྗོད་ན། རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་གཞི་མ་ཡིན་ལ། ཆུང་ས་ནས་བརྗོད་ན་ཁྱིམ་ཚང་ཞིག་གི་རེ་བ་ཡིན་པ་མ་ཟད། ཐ་ན་མི་སྒེར་གྱི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་དགོས་ན་རྩ་བ་སློབ་གསོར་ཐུག་ཡོད། མི་ཞིག་གི་མི་ཚེར་སློབ་གསོས་བསམ་གྱིས་མི་ཁྱབ་པའི་ཕན་པ་ཐོན་དང་འཐོན་བཞིན་ཡོད་དེ། དུས་སྐབས་མི་འདྲ་བའི་སློབ་གསོ་སྣ་ཚོགས་མྱངས་པ་བརྒྱུད། མི་ཞིག་གི་རིག་གནས་ཆུ་ཚད་གོང་ནས་གོང་དུ་འཕེལ་གྱི་ཡོད་ལ། མི་གཞི་དང་། བསམ་བློ། ལྟ་དགོངས། བྱ་སྤྱོད་སོགས་གང་ཅིར་ཚད་མི་འདྲ་བའི་འཕེལ་རྒྱས་འགྲོ་བཞིན་ཡོད། སློབ་གསོའི་དུས་རིམ་ཆ་ནས་དབྱེ་ན། སློབ་ཆུང་སློབ་གསོ་དང་། སློབ་འབྲིང་སློབ་གསོ། སློབ་ཆེན་སློབ་གསོ་བཅས་རིགས་ཆེ་བ་གསུམ་ཡོད། དེ་གསུམ་ནས་སློབ་ཆུང་སློབ་གསོ་ནི་རྨང་གཞིའི་སློབ་གསོ་ཡིན་པའམ་ཡང་ན་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་རྨང་རྡོ་ལྟ་བུར་གྱུར་ཡོད། སློབ་གསོ་ཁྱོན་ཡོངས་ལ་གོ་རིམ་ལྡན་པའི་འཕེལ་རྒྱས་ཡོང་དགོས་ན། སློབ་ཆུང་སློབ་གསོ་ནས་འགོ་བཙུགས་ཏེ། སློབ་གསོའི་ལས་ཀ་ཆེ་འབྲིང་ཆུང་གསུམ་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་པར་བསྒྲུབ་དགོས་པ་ཡིན། སྤྱིར་སློབ་ཆུང་སློབ་གསོའི་བྱ་གཞག་ནི་ལས་ཀའི་རྣམ་གྲངས་མང་བ་དང་། རྙོག་འཛིང་ཆེ་ལ། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། སྒོས་སུ་སློབ་ཆུང་འཛིན་བདག་གི་ལས་ཀ་ནི་སློབ་ཆུང་སློབ་གསོའི་ལས་དོན་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་པར་སྙམ། དེས་ན། གུས་པས་རང་ཉིད་ཀྱི་མྱོང་བ་དངོས་དང་འབྲེལ་ནས་སློབ་ཆུང་འཛིན་བདག་གི་ལས་ཀའི་སྐོར་ལ་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་དཔྱད་པར་འདོད་པ་གཤམ་གསལ།

    གཅིག སློབ་ཆུང་སློབ་གསོའི་ཁྲོད་ཀྱི་འཛིན་བདག་གི་འགན་འཁྲིའི་སྐོར།

    སློབ་ཁང་སློབ་ཁྲིད་ཁྲོད་ཀྱི་འཛིན་བདག་གི་འགན་འཁྲི།

    སློབ་ཆུང་སློབ་གསོའི་ལས་འགན་གཙོ་བོ་གཉིས་ཡིན་ཏེ། སློབ་མའི་རྒྱུད་ལ་སྐད་དང་ཡི་གེའི་རྨང་གཞིའི་ཤེས་བྱ་ཡང་དག་ལ་སྲ་ཞིང་བརྟན་པ་ཞིག་འཇགས་པ་བྱེད་རྒྱུ་དང་གཅིག སློབ་མ་རྣམས་ལ་ཆུང་དུས་ནས་རིག་གནས་ཤེས་བྱ་སྦྱོང་བའི་གོམས་གཤིས་ཡག་པོ་དང་། འཚོ་བའི་གོམས་གཤིས་དང་བསམ་བློ་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱ་རྒྱུ་དང་གཉིས་སོ། དེ་ཡང་སྐད་ཡིག་རིག་གནས་ཀྱི་རྨང་གཞི་ནི་གཙོ་བོར་སློབ་ཁང་སློབ་ཁྲིད་ལ་བརྟེན་དགོས་ཤིང་། སློབ་ཁང་སློབ་ཁྲིད་ནི་རིག་ཚན་སོ་སོའི་དགེ་རྒན་ཁག་གིས་ལེགས་འགྲུབ་བྱེད་དགོས་པ་ཡིན། སློབ་ཁང་སློབ་ཁྲིད་ལེགས་གྲུབ་བྱུང་མིན་དེ་ཡང་རིག་ཚན་སོ་སོའི་དགེ་རྒན་ཁག་གི་སློབ་ཁྲིད་ཀྱི་འཇོན་ནུས་ལ་རག་ལས་པ་ཙམ་མ་ཟད། འཛིན་བདག་གི་སློབ་གསོའི་ནུས་པས་ཤུགས་རྐྱེན་གལ་ཆེན་ཐོན་བཞིན་ཡོད། དེ་ཡང་འཛིན་བདག་གི་རྒྱུན་གཏན་གྱི་ཡང་དག་པའི་སློབ་གསོས་སློབ་མའི་སློབ་སྦྱོང་གི་ཧུར་སེམས་ལ་སྐུལ་མ་ཤུགས་ཆེན་ཐེབས་བཞིན་ཡོད་ལ། འཛིན་གྲྭ་ཐུན་མོང་གི་སློབ་སྦྱོང་གི་རྣམ་པ་དང་སྒྲིག་ལམ་སོགས་ལ་སྐུལ་ལྕག་གི་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེས་ན། འཛིན་བདག་གིས་སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པའི་སློབ་གསོ་རྒྱག་རྒྱུ་ནི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན།

    ཀུན་སྤྱོད་སློབ་གསོའི་ཁྲོད་ཀྱི་འཛིན་བདག་གི་འགན་འཁྲི།

    སློབ་ཆུང་སློབ་གསོའི་ནང་དོན་གཙོ་བོ་གཞན་ཞིག་ནི་སློབ་མར་ཆུང་དུས་ནས་ཀུན་སྤྱོད་བཟང་པོའི་སློབ་གསོ་རྒྱག་རྒྱུ་དང་། ཡང་དག་གི་བསམ་བློ་དང་ལྟ་བ་གསོ་སྐྱོང་བྱ་རྒྱུ་དེའོ། བོད་ཀྱི་གཏམ་དཔེར། ཡ་རབས་མ་རབས་སྤྱོད་པས་ཤེས་ཞེས་གྲགས་པ་ལྟར། ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱས་ན་ཡ་རབས་གུས་ཞབས་ལྡན་པའི་མི་སྣ་ཞིག་ཏུ་གསོ་སྐྱོང་ཐུབ་པ་ཡིན་པས། སློབ་ཆུང་སློབ་མར་རིག་གནས་ཤེས་བྱའི་རྨང་གཞི་སྲ་བརྟན་ཞིག་སློབ་རྒྱུ་གལ་ཆེ་ཞིང་། དེ་ལས་ཀྱང་འགངས་ཆེ་བ་ནི་ཀུན་སྤྱོད་དམ་མི་གཞི་ཡག་པོ་ཞིག་གསོ་སྐྱོང་བྱེད་པའི་སློབ་གསོ་རྒྱག་རྒྱུ་དེའོ། སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ལ་ཆ་བཞག་ན། རིག་ཚན་གཞན་གྱི་དགེ་རྒན་གྱིས་ནུས་པ་ཐོན་བཞིན་ཡོད་མོད། འོན་ཀྱང་འཛིན་བདག་གི་ནུས་པ་ནི་དེ་བས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་ཞིག་རེད། རྒྱུ་མཚན་ནི་འཛིན་བདག་གིས་རང་འཛིན་གྲྭའི་སློབ་མ་ཕལ་ཆེ་བར་དགེ་རྒན་གཞན་ལས་འབྲེལ་འདྲིས་མང་བ་བྱེད་དགོས་པ་མ་ཟད། སློབ་མའི་སློབ་སྦྱོང་དང་འཚོ་བར་ཐུགས་ཁུར་དང་སྣང་འཇོག་བྱས་པ་གཞན་ལས་ཀྱང་ཟབ་པའོ། དེའི་ཕྱིར་འཛིན་བདག་ནི་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུས་མངའ་ཆེ་ཤོས་དེ་ཡིན་པས། འཛིན་བདག་གིས་སློབ་མར་ཀུན་སྤྱོད་སློབ་གསོ་རྒྱག་པའི་འགན་འཁྲི་མ་བསྐུལ་དང་དུ་ལེན་དགོས།

    གཉིས། སློབ་ཆུང་འཛིན་བདག་གི་ལས་ཀ་ཞིབ་ཕྲ་བཤད་པ།

    སློབ་གྲྭའི་སྒྲིག་སྲོལ་སྒྲིག་ལམ་ལ་སྲུང་བརྩི་ཞུ་དགོས་པའི་སློབ་གསོ་རྒྱག་དགོས་པ།

    སློབ་གྲྭ་ཞིག་ལ་མཚོན་ན། སྒྲིག་སྲོལ་སྒྲིག་ལམ་ཐད་ཀྱི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་ཡོད་དགོས་ཤིང་། སློབ་མ་རྣམས་ཀྱིས་དེ་ལ་སྲུང་བརྩི་ཞུས་ནས་རང་རང་གི་སློབ་སྦྱོང་གི་ལས་འགན་ཁག་ལེགས་འགྲུབ་བྱེད་བཞིན་ཡོད་པ་རེད། ཚན་པ་ཞིག་ལ་ལམ་ལུགས་ཡག་པོ་ཞིག་མེད་ན། ལས་དོན་ཁག་ལེགས་འགྲུབ་ཡོང་བའི་འགོག་རྐྱེན་དུ་འགྱུར་སྲིད། དེའི་ཕྱིར་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ནི་སློབ་མ་རྣམས་སྤྱོད་ལམ་བཟང་པོར་སྐུལ་བའི་སྲབ་ཁ་ལྟ་བུ་དེ་ཡིན། སློབ་ཆུང་སློབ་མར་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ངོ་སྤྲོད་གསལ་བཤད་དང་དེ་དག་ལ་གོམས་འདྲིས་དང་སྲུང་བརྩི་ཞུ་བར་སྐུལ་ལྕག་བྱེད་པའི་འགན་འཁྲི་དེ་འཛིན་གྲྭ་གང་དེའི་འཛིན་བདག་ལ་ཡོད་པ་རེད།

    སློབ་སྦྱོང་གི་ཐབས་ལམ་གསོ་སྐྱོང་བྱེད་དགོས་པ།

    སློབ་ཆུང་སློབ་མར་སློབ་སྦྱོང་གི་ཐབས་ལམ་གསོ་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། རྒྱུ་མཚན་ནི་སློབ་ཆུང་གི་དུས་རིམ་ནི་རྨང་གཞིའི་སློབ་གསོའི་དུས་རིམ་གལ་ཆེན་ཞིག་ཡིན་པ་མ་ཟད། སློབ་མ་རྣམས་ཆེས་ཐོག་མར་སློབ་སྦྱོང་གི་བྱ་བར་འཇུག་པ་ཞིག་ཀྱང་ཡིན་པས། སློབ་སྦྱོང་གི་ཐབས་ལམ་སློབ་རྒྱུ་ནི་ཆེས་གལ་ཆེ་བའོ། ལྷག་པར་དུ་སློབ་མར་སློབ་སྦྱོང་ལ་དགའ་ཞེན་གྱི་བསམ་པ་གསོ་སྐྱོང་བྱེད་དགོས། དགའ་མོས་ནི་དགེ་རྒན་ཨང་དང་པོ་ཡིན་ཞེས་བརྗོད་པ་ལྟར། དགའ་མོས་ཀྱིས་སློབ་མས་སློབ་སྦྱོང་གི་དམིགས་རེ་དང་རེ་འདུན་སོགས་ལ་གོ་བ་ཡང་དག་ལོན་རྒྱུར་རོགས་དན་བྱེད་ཐུབ་ལ། རིག་ཚན་ཁག་གི་འབྲི་ཀློག་ཉན་བཤད་ཐད་ལ་ཡར་རྒྱས་ཡོང་བར་ཕན་ནུས་ལྡན་ཡོད། དེའི་ཕྱིར། འཛིན་བདག་གིས་ངེས་པར་དུ་སློབ་མ་རྣམས་ལ་སློབ་སྦྱོང་ལ་དགའ་ཞེན་འཕེལ་བའི་སློབ་གསོ་རྒྱག་དགོས་པ་དང་། སློབ་སྦྱོང་གི་ཐབས་ལམ་བཟང་པོར་ཁྲིད་སྟོན་བྱེད་དགོས་ལ། དེ་བས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་སློབ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

    སྤྱོད་ལམ་དང་མི་གཞི་བཟང་པོ་ཆགས་པའི་སློབ་གསོ་རྒྱག་དགོས་པ།

    སྤྱོད་ལམ་བཟང་པོ་ནི་མི་ཞིག་གི་རྒྱན་ཆ་ལྟ་བུ་ཡིན་ལ། ཤེས་བྱ་ཡོན་ཏན་སོགས་རྒྱུད་ལ་འཇགས་པའི་ཞིང་ས་གཤིན་པོ་དེ་ཡིན། བོད་ཀྱི་གཏམ་དཔེར། ཆུང་དུས་ཡོན་ཏན་མ་སྦྱངས་ན། རྒས་དུས་ངུས་དང་མ་ངུས་མེད། ཅེས་གསུངས་བ་ལྟར། ལོ་ཆུང་བྱིས་པའི་དུས་སྐབས་ནི་རིག་གནས་ཤེས་བྱ་སྦྱོང་བའི་དུས་ཚོད་ཡག་ཤོས་ཤིག་ཡིན་པ་མ་ཟད། ཡ་རབས་སྤྱོད་བཟང་སློབ་པའི་དུས་ཚོད་ཡག་ཤོས་ཀྱང་རེད། དེའི་ཕྱིར་སློབ་ཆུང་དུས་སྐབས་ནས་སློབ་མ་རྣམས་ལ་ཡ་རབས་སྤྱོད་བཟང་གི་མི་ཞིག་ཆགས་པར་སྐུལ་མ་གཏོང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། རིག་གནས་ཤེས་བྱ་དང་ཀུན་སྤྱོད་བཟང་པོ་གཉིས་ནི་ནམ་འཕང་གཅོད་པའི་གཤོག་ཟུང་དང་འདྲ་བར་འབྲལ་མེད་མཉམ་དུ་འཛོམས་དགོས་པ་ཞིག་རེད། འབྲེལ་ཡོད་སློབ་གསོའི་གཞུང་ལུགས་ལས་ཀྱང་སློབ་ཆུང་སློབ་གསོའི་ལས་དོན་གྱི་བླ་སྲོག་ལྟ་བུ་ནི་ཀུན་སྤྱོད་སློབ་གསོ་ཡིན་པ་གསལ་སྟོན་བྱས་ཡོད། སློབ་ཆུང་སློབ་མའི་རང་ཚུགས་རང་འགུལ་དང་། རང་བཅུན་རང་སྡོམ་སོགས་ཀྱི་ནུས་པ་ཅུང་ཞན་པས། དུས་ཐོག་ཏུ་ཀུན་སྤྱོད་སློབ་གསོ་གཏོང་རྒྱུ་ནི་དེའི་བླང་བྱ་ཆེ་ཤོས་ཤིག་རེད། འཛིན་བདག་གིས་སློབ་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་དང་འཐོན་བཞིན་ཡོད་པས། དེ་ནི་འཛིན་བདག་གི་འགན་འཁྲི་གཙོ་བོ་ཞིག་ཀྱང་ཡིན།

    སློབ་མའི་ཁྱིམ་བདག་དང་འབྲེལ་བ་ཡག་པོ་འཛུགས་དགོས་པ།

    སློབ་གསོར་འཕེལ་རྒྱས་འབྱུང་དགོས་ན། སློབ་གྲྭའི་སློབ་གསོ་གཅིག་པུར་བརྟེན་པས་ག་ལ་ཆོག སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ། ད་དུང་སྤྱི་ཚོགས་སྤྱི་ཕན་སློབ་གསོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་དགོས། ལྷག་པར་དུ་མི་ཞིག་གི་སློབ་གསོའི་རྟེན་གཞི་དང་པོ་ནི་ཁྱིམ་ཚང་སློབ་གསོ་ཡིན་པས། དེའི་ཕྱིར་འཛིན་བདག་གིས་ངེས་པར་དུ་སློབ་མའི་ཁྱིམ་བདག་དང་འབྲེལ་འདྲིས་ཡག་པོ་བྱེད་དགོས་ལ། སློབ་མའི་གནས་ཚུལ་དུས་ཐོག་ཏུ་ཁྱིམ་བདག་ལ་གསལ་བཤད་བྱེད་དགོས་པ་དང་། ཁྱིམ་བདག་དང་ལྷན་དུ་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཐད་ལ་གྲོས་བསྡུར་ལྷུག་གླེང་བྱས་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་ཕན་ཐོགས་པ་བྱེད་དགོས། གཞན་ཡང་། འཛིན་བདག་གིས་རྒྱ་ཆེའི་སློབ་མའི་ཁྱིམ་བདག་ཡོངས་ལ་འབྲེལ་ཡོད་ཀྱི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་ཁྱབ་བསྒྲགས་བྱེད་དགོས་ལ། འབྲེལ་ཡོད་སློབ་གསོ་འཕེལ་རྒྱས་ཀྱི་ཆ་འཕྲིན་ཡང་མཉམ་སྤྱོད་བྱེད་དགོས། ﹙ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཐང་མགོ་ཤང་ལྟེ་བའི་སློབ་ཆུང་། སྐལ་བཟང་ཚེ་རིང﹚

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།