[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སྦྱང་ཤིང་ལ་བརྟེན་ནས་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ཚད་ལྡན་ཞིག་འབྲི་ཐུབ་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-17

    སྤྱི་ཚོགས་དང་། ཚན་རྩལ། དཔལ་འབྱོར་བཅས་དར་རྒྱས་ཆེན་པོ་བྱུང་བའི་དེང་གི་དུས་འདིར། དེ་སྔའི་སྲོལ་རྒྱུན་གྱི་སློབ་བྱད་མང་པོ་ཞིག་བེད་སྤྱོད་ཇེ་ཉུང་དུ་འགྲོ་བཞིན་ཡོད། ལྷག་དོན་དུ་དེང་དུས་སློབ་ཆུང་གི་སློབ་མ་རྣམས་སློབ་གྲྭར་ཞུགས་མ་ཐག་ཤོག་བུའི་ཐོག་ཏུ་ཞ་སྨྱུག་དང་ལྕགས་སྨྱུག་གིས་ཡི་གེ་འབྲི་རུ་བཅུག་པ་དེ་ཕྱི་ཚུལ་ནས་བལྟས་ན་ཧ་ཅང་སྟབས་བདེ་པོ་ཡོད། འོན་ཀྱང་། ཡོ་བྱད་གནད་ལ་མ་འཁེལ་ཞིང་སྦྱངས་པ་ཆུང་ལ། སྦྱོང་ཡུན་ཐུང་བས་སློབ་མ་ཚོའི་ཡིག་གཟུགས་དེ་ཙམ་ལེགས་པོ་ཐོན་དཀའ་ལ། རང་གིས་བྲིས་པ་རང་ཉིད་ཀྱིས་ཀྱང་ཀློག་འདོད་མེད་པར་གྱུར་པ་མ་ཟད། ཐ་ན་ཉིན་འགའ་སོང་རྗེས་ཀློག་ཀྱང་མི་ཐུབ་པའི་སྣང་ཚུལ་ཐོན་གྱི་ཡོད། དེས་ན་ད་ཐེངས་ཁོ་མོས་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་བའི་དགེ་མཚན་དང་དེའི་ཡུལ་དངོས་ཀྱི་ལག་ལེན་སྐོར་ཅུང་ཟད་གླེང་བར་འདོད།

    གཅིག སྦྱང་ཤིང་ཐོག་ཡིག་གཟུགས་སྦྱངས་པའི་དགེ་མཚན།

    དེ་ཡང་སྦྱང་ཤིང་ནི་བོད་དུ་དར་ནས་དུས་ཡུན་ཤིན་ཏུ་རིང་པོ་ཕྱིན་ཡོད་དེ། དེང་དུས་ཀན་སུའུ་དང་ཤིན་ཅང་རྒྱུད་ཀྱི་བྱེ་མའི་འོག་ནས་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཤིང་ཁྲམ་ཐོག་ཏུ་བྲིས་པའི་ཡི་གེ་མང་དག་ཅིག་རྙེད་སོན་བྱུང་བར་གཞིགས་ན། གནའ་རབས་བོད་མི་ཚོས་ས་ཡུལ་དངོས་ཀྱི་རྒྱུ་ཆ་བེད་སྤྱད་དེ་ཤིང་ལེབ་ཐོག་ཡི་གེ་འབྲི་སྲོལ་ཤུགས་ཆེན་དར་བ་ཤེས་ཐུབ་པས། ཕལ་ཆེར་སྦྱང་ཤིང་ཡང་སྐབས་དེ་དུས་ནས་སྤྱོད་བཞིན་ཡོད་པ་རྗེས་དཔག་ཐུབ། སྦྱང་ཤིང་བེད་སྤྱོད་བྱས་ཚེ་ཡིག་གཟུགས་ལེགས་པོ་ཞིག་ཐོན་ཐུབ་ཀྱི་ཡོད། ཇི་སྐད་དུ། “ཡི་གེ་དག་སྙོམས་མཛེས་གསུམ་ལས། མ་དག་སྐྱེ་བོ་སྙིང་མེད་འདྲ། མི་སྙོམས་རྐང་ལག་འཁྱོར་བ་འདྲ། མི་མཛེས་གོས་ཧྲུལ་གྱོན་པ་འདྲ”ཞེས་པ་བཞིན་ཡི་གེ་སྦྱོང་བ་ཟེར་བ་ནི་གཙོ་བོ་གཟུགས་དང་སྒྲ་དོན་ལ་གོ་དགོས་པ་ཡིན། ཡི་གེའི་གཟུགས་ནི་སྐད་ཆ་ཡི་གེར་ཕབ་པའི་མཚོན་རྟགས་ཤིག་ཡིན་པས། ཡི་གེའི་གཟུགས་ཚད་དང་ལྡན་པ་ཞིག་མ་བྱུང་ན་ཕྱི་ལྟ་སྣང་ལ་མཛེས་པོ་མེད་པའི་ཁར་བརྗོད་བྱའི་དོན་ཡང་གསལ་པོ་སྟོན་མི་ཐུབ་པའི་སྐྱོན་ཆེན་པོ་ཡོད། དེའི་ཐོག་ནས་ཡི་གེའི་གཟུགས་ལེགས་པོ་སྦྱོང་བའི་དགོས་གལ་ཤེས་ཐུབ། ལྷག་དོན་དུ་བོད་ཡིག་ལ་ཐོག་མར་འཇུག་པའི་གནས་སྐབས་ཀྱི་སློབ་ཆུང་བྱིས་པ་དག་གི་ངོས་ནས་བཤད་ན། ཡིག་གཟུགས་ཚད་དང་ལྡན་པ་ཞིག་འབྲི་བའི་རེ་བ་འདོན་རྒྱུ་ནི་གལ་ཆེ་ལ། དགེ་རྒན་ནས་སློབ་མ་རྣམས་ལ་ཚད་ལྡན་གྱི་ཡིག་གཟུགས་ཤིག་སློབ་རྒྱུ་དེ་དེ་བས་གལ་ཆེ་བ་ཞིག་ཡིན། ཇི་སྐད་དུ། “ཚུགས་ནི་སྣག་ལམ་སྙོམས་པ་དང་། སྨྱུག་ཁམ་འཐེན་འགྲོས་ཚུགས་པར་བྲིས་པའི་དབུ་མེད་ཀྱི་ཡིག་གཟུགས་གྲས་ཤིག་ཡིན”ཞེས་གསུངས་པ་ལྟར། སློབ་ཆུང་སྐབས་སློབ་ཕྲུག་རྣམས་ཀྱི་ཡིག་གཟུགས་རྨང་གཞི་ལེགས་པོ་འདིང་རྒྱུ་ནི་སློབ་ཁྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྨང་གཞི་འདི་འདྲ་ཞིག་འདིང་བར་ང་ཚོས་མེས་པོ་ཚོས་སྲོལ་རྒྱུན་དུ་བྱ་ཐབས་གང་འདྲ་ཞིག་སྤྱད་ནས་ཡིག་གཟུགས་ལ་སྦྱོང་བརྡར་བྱས་པའི་ཚུལ་ལ་མནོ་བསམ་གཏོང་དགོས། རྒྱུ་མཚན་ནི་གནའ་བོའི་རྩེ་དྲུང་དག་གི་ཡིག་གཟུགས་ནི་གཞུང་ཡིག་ཚད་ལྡན་ཡིན་པར་ཀུན་གྱིས་ཁས་འཆེས་པས་ན། དེའི་སྐབས་ཀྱི་ཡིག་གཟུགས་ལ་སྦྱོང་བརྡར་ཇི་ལྟར་གཏོང་ཚུལ་དེ་ཡང་ཚད་དང་ལྡན་པ་ཞིག་ཡིན་པས་སོ། དེ་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་སྦྱོང་སྐབས་ཐུན་མོང་མ་ཡིན་པའི་སྦྱོང་ཐབས་ཤིག་ཡོད་པ་ནི་སྦྱང་ཤིང་ཐོག་སྨྱུག་རིལ་སྤྱད་ནས་སྦྱོང་བ་དེ་ཡིན།

    དེའང་བོད་ཡིག་སྦྱོང་བ་ལ་ཉེར་མཁོའི་ཡིག་ཆས་ནི་སྦྱང་ཤིང་དང་། རྡབ་རྐྱལ། ཐིག་རྐྱལ། སྣག་ཚ། སྨྱུ་གུ སྨྱུག་གྲི སྨྱུག་ཁ་གཏུབ་གདན་བཅས་ངེས་པར་ཚང་དགོས། སྦྱོང་ཐབས་དེ་ནི་ཤོག་བུ་དཀོན་དྲགས་ནས་ཐབས་ཟད་འུ་ཐུག་གིས་སྦྱང་ཤིང་བེད་སྤྱོད་གཏོང་དགོས་ལ་ཐུག་པ་ཞིག་མ་ཡིན་པར། སྔོན་བྱོན་བོད་ཀྱི་མཁས་དབང་རྣམ་པས་བོད་ཡིག་དབུ་མེད་ཡིག་གཟུགས་ཀྱི་ཁྱད་ཆོས་ལ་བསྟུན་གནང་བ་ཞིག་རེད་ལ། ཡིག་གཟུགས་སློབ་ཁྲིད་ཀྱི་སྐབས་སུ་བོད་ཡིག་སྦྱོང་བའི་བརྒྱུད་རིམ་གཞིར་བཟུང་སྨྱུ་གུ་འཛིན་སྟངས་དང་། ཐིག་ཚད་ལེན་སྟངས། སྨྱུག་ཁ་བཟོ་སྟངས། ཡི་གེ་སོ་སོའི་སྔ་རྗེས་འབྲི་སྟངས། སྦྱང་ཤིང་འཛིན་སྟངས་སོགས་ཀྱི་ཐད་ལའང་རིག་པའི་གཞུང་ལུགས་དང་བསྟུན་པ་དང་། ཡིག་གཟུགས་ཀྱང་ཚད་དང་ལྡན་པ་ཞིག་གི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་ན་ཕན་པ་ཤིན་ཏུ་ཆེ། དེར་སློབ་མས་སྦྱངས་ཟིན་པའི་ཡིག་གཟུགས་ཀྱི་རྨང་གཞི་བརྟན་པ་དང་སྦྱང་ཤིང་ནས་ཤོག་ཐོག་ཏུ་ཕབ་ཚེ་ཡིག་གཟུགས་མི་འགྱུར་བ། ཚད་ལྡན་གྱི་ཡིག་གཟུགས་འབྲི་སྟངས་དེ་བློ་ལས་བརྗེད་དཀའ་བ། ཤོག་བུ་མི་དབྲལ་བ་སོགས་ཀྱི་དགེ་མཚན་མང་དག་ཅིག་ལྡན་ཡོད་པས། སྦྱང་ཤིང་སྦྱོང་ཐབས་འདི་བོད་ཀྱི་སློབ་གསོའི་ཁྲོད་དུ་ལོ་མང་པོའི་རིང་བེད་སྤྱོད་ཐུབ་ཚེ་ཕན་ཡོན་ལྷག་པར་ཆེ་བ་མ་ཟད། གཤམ་གྱི་དགེ་མཚན་དག་ལྡན་ཡོད་དེ།

    1. ཡི་གེའི་གཟུགས་རིས་ཆེ་ཆུང་ལ་དཔག་པའི་ཐིག་གི་འགྱུར་བ་གཏོང་བདེ་བ་སྟེ། ཚུགས་ཐུང་སྦྱང་ཤིང་ཐོག་སྦྱོང་སྐབས་ཐིག་གཉིས་རྒྱག་དགོས་པ་དང་ཚུགས་ཆུང་འབྲི་བའི་སྐབས་སུ་ཉིས་ཐིག་མ་ཡིན་པར་རྐྱང་ཐིག་ཡིན་པ་ལྟ་བུ་སྦྱང་ཤིང་ཐོག་འགྱུར་བ་གཏོང་བདེ་པོ་ཡོད། སྦྱང་ཤིང་གི་ཐོག་ཏུ་ཐིག་རྒྱག་སྟངས་ནོར་ཡང་འཕྲལ་མར་བསུབས་ཏེ་སླར་ཡང་གང་འདོད་དུ་རྒྱག་ཆོག་པས་སྟབས་བདེ་ཆེ་ཙམ་ལྡན་ཡོད།

    2. སྐམ་དྲས་ཞེས་དགེ་རྒན་གྱིས་སྦྱང་ཤིང་ངོས་སུ་རྡབ་རྐྱལ་བརྡབ་རྗེས་དེའི་ས་དཀར་གྱི་ཐལ་རྡུལ་ངོས་སུ་སྣག་ཚ་མེད་པར་ཡིག་གཟུགས་ཀྱི་དཔེ་རིས་བྲིས་ཐོག་སློབ་ཕྲུག་ཚོས་དེའི་སྟེང་དུ་སྐམ་བརྩེགས་གམ་རློན་བརྩེགས་བྱས་ནས་ལད་མོ་བྱེད་བཅུག་པ་དེ་ནི་ལས་དང་པོ་བ་རྣམས་ཐོག་མར་ཡིག་གཟུགས་སྦྱོང་སྐབས་ཕན་ཐོགས་ཤིན་ཏུ་ཆེ་བ་ཞིག་རེད། དམིགས་བསལ་ཁྱད་ཆོས་བཟང་པོ་འདི་ནི་ཤོག་བུའི་ཐོག་འདོན་ཐབས་བྲལ།

    3. སྦྱང་ཤིང་ཐོག་བྲིས་ཚར་རྗེས་དེ་མུར་བཀྲུས་ཏེ་སླར་ཡང་བྲིས་ཆོག་པས་བེད་སྤྱོད་ཡུན་རིང་དུ་བྱས་ཆོག དེས་ཤོག་བུ་ལྟར་ཐེངས་གཅིག་ལས་སྤྱོད་རྒྱུ་མེད་པའི་ཚད་བཀག་ལས་གྲོལ་བས་འགྲོ་སོང་ལ་གྲོན་ཆུང་ཐུབ་པ་དེ་ཡང་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་ཆེན་པོ་ཞིག་རེད།

    4. ཀ་ཁ་ཐོག་མར་སྦྱོང་སྐབས་དགེ་རྒན་གྱིས་སློབ་ཕྲུག་གི་ལག་ཆུང་བཟུང་ནས་དམར་ཁྲིད་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། བོད་ཡིག་གི་ཡིག་གཟུགས་ཚད་ལྡན་ཞིག་ཤེས་པ་ལ་སྦྱང་ཤིང་ཐོག་ཡི་གེ་སྦྱོང་བའི་བརྒྱུད་རིམ་དེ་ངེས་པར་འགྲིམས་དགོས་པར་སྙམ།

    གཉིས། སྦྱང་ཤིང་ཐོག་དབུ་མེད་ཡིག་གཟུགས་སྦྱོང་བརྡར་གྱི་ལག་ལེན།

    བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་སྦྱོང་སྟངས་ལས་ཐོག་མར་ཐིག་རྒྱག་སྟངས་ཏེ། མགོ་ཐིག དཀྱིལ་ཐིག འོག་ཐིག རྐང་ཐིག་དང་། སྨྱུ་གུ་འཛིན་སྟངས། སྨྱུག་རིམ་འཐེན་སྟངས་སོགས་ནས་འགོ་བཙུགས་ཏེ་སྦྱང་ཤིང་ཐོག་འབྲི་སྦྱོང་བྱེད་དགོས་ཤིང་། ཐོག་མར་ཀ་ཁ་དང་། དེ་ནས་ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་། འཁྱུག་ཡིག་བཅས་ཡིག་གཟུགས་ཆེ་བ་ནས་ཆུང་བའི་བར་རིམ་བཞིན་སྦྱོང་བ་ཡིན། དེའང་ཀ་ཁ་དང་ཟློས་ཧྲལ་གྱི་ཡིག་གཟུགས་ཆེ་ཆུང་ལ་ཁྱད་པར་མེད་ཅིང་། ཚུགས་རིང་ནི་ཀ་ཁའི་ཡིག་གཟུགས་ལས་གསུམ་ཆ་གཅིག་གིས་ཆུང་བ་དང་། ཚུགས་ཐུང་ནི་ཚུགས་རིང་གི་ཕྱེད་ཙམ། ཚུགས་ཆུང་ནི་ཚུགས་ཐུང་གི་ཕྱེད་ཙམ། འཁྱུག་མ་ཚུགས་ནི་ཚུགས་ཆུང་གི་ཡིག་གཟུགས་ཀྱི་གི་གུ་གྱེན་དུ་བསླངས་པ་ཞིག་རེད། འཁྱུག་ཡིག་ནི་གཟུགས་རིས་ཆུང་ཤོས་ཐོག་དབུ་མེད་འབྲི་ཚུལ་མགྱོགས་ཤོས་ཡིན་པ་བཅས་ལས། བོད་ཡིག་གི་ཡིག་གཟུགས་ལེགས་པོ་ཞིག་དང་ཚད་དང་ལྡན་པ་ཞིག་འབྲི་དགོས་ན་དེའི་བརྒྱུད་རིམ་ཧྲིལ་པོར་ཆེ་འོག་ནས་ཆུང་ཐོན་ཐུབ་པ་བྱ་རྒྱུ་སྟེ། དེ་ཡང་དང་པོ། སྦྱང་ཤིང་ཐོག་ཐིག་གྲངས་བཞི་ཡོད་པའི་ཡི་གེ་ཆེན་པོ་འབྲི་རྒྱུ་ནས་རྗེས་སུ་ཐིག་གཅིག་ཐོག་ཡི་གེ་ཆུང་ཆུང་འབྲི་བའི་བརྒྱུད་རིམ་བརྒྱུད་དགོས་པ་དང་། གཉིས་པ། ཐོག་མར་སྦྱང་ཤིང་མཁྲེགས་པོའི་ཐོག་སྦྱོང་རྒྱུ་ནས་མཐར་ཤོག་བུ་སྲབ་པོའི་ཐོག་སྦྱོང་བའི་བརྒྱུད་རིམ་བརྒྱུད་དགོས། གསུམ་པ། སྨྱུ་གུ་བཟུང་སྟངས་ཐད་ཐོག་མར་སྦྱང་ཤིང་སྟེང་དུ་སྨྱུ་གུ་ཤུགས་ཆེན་པོ་བཙུགས་ཏེ་དལ་པོའི་ངང་འབྲི་བ་ནས་ཤོག་སྟེང་དུ་སྨྱུ་གུ་ལྷུག་པོར་བཟུང་སྟེ་ཡི་གེ་མགྱོགས་པོ་འབྲི་བའི་བརྒྱུད་རིམ་བརྒྱུད་དགོས་པ། བཞི་པ། འབྲི་བྱེད་ཀྱི་སྨྱུ་གུ་ཡང་དང་ཐོག་སྨྱུག་རིལ་སྦོམ་པོ་སྤྱོད་པ་ནས་མཐར་སྨྱུག་སིའམ་ལྕགས་སྨྱུག་ཕྲ་མོ་སྤྱོད་པའི་བརྒྱུད་རིམ་བརྒྱུད་དགོས། ལྔ་པ། སྦྱོང་ཐབས་ཐད་ཐོག་མར་དགེ་རྒན་གྱིས་ལག་འགོ་ནས་བཟུང་བའམ་སྐམ་བྲིས་རྒྱག་པ་ནས་རང་ཉིད་ཀྱིས་དཔེ་ལ་བལྟས་ནས་སྦྱོང་བའི་བརྒྱུད་རིམ་ཞིག་ཡིན། བརྒྱུད་རིམ་དེ་ནི་སློབ་གསོ་རིག་པའི་ཆོས་ཉིད་དང་ཡོངས་སུ་མཐུན་པའི་སློབ་ཁྲིད་བྱ་ཐབས་ཤིག་རེད། སྤྱིར་ན་ཀ་ཁ་ཚུགས་ཐུང་བར་གྱི་ཡིག་གཟུགས་རྣམས་སྦྱང་ཤིང་ཐོག་སྦྱོང་སྲོལ་ཡོད། སྦྱང་ཤིང་ཐོག་ཏུ་སྦྱངས་ཚེ་བོད་ཡིག་གི་ཚད་ལྡན་གྱི་ཡིག་གཟུགས་ཞིག་ཐོན་སླ་བ་ཡིན་ལ། ཡིག་གཟུགས་ཁམས་གཙང་ལ་ཚད་དང་ལྡན་པ་ཞིག་བྱུང་ན་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་སྟེ། ཇི་སྐད་དུ་ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས། “མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། རྩོད་ལ་མཁས་ཀྱང་སུག་བྲིས་མི་འབྱོར་ན། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ”ཞེས་གསུངས་པ་བཞིན་ནོ། །

    མདོར་ན། རང་ཉིད་ཀྱིས་ལོ་མང་རིང་སློབ་ཁྲིད་བྱས་པ་དང་ལྷག་པར་དུ་ལོ་རིམ་དང་པོར་སློབ་ཁྲིད་བྱེད་སྐབས་སུ་སློབ་མར་སྦྱང་ཤིང་ཡིག་གཟུགས་བསླབ་པའི་ལག་ལེན་དངོས་ཀྱི་ཉམས་མྱོང་ལ་གཞིགས་ཏེ། སྦྱང་ཤིང་ཡིག་གཟུགས་ཀྱི་དགེ་མཚན་དང་དེའི་ལག་ལེན་སྐོར་གྱི་མྱོང་བ་གླེང་བ་ཙམ་ཡིན་པས་ཐུགས་སྣང་ཅན་ཚོས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ་སློབ་ཆུང་སློབ་མའི་བོད་ཡིག་གི་ཡིག་གཟུགས་དེ་སྔར་བས་ཚད་ལྡན་ཡོང་བར་ནུས་པ་འདོན་རྒྱུའི་གྲོས་གཞི་ཙམ་བཏོན་པ་ལགས་སོ། །

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དན་བག་སློབ་ཆུང་། ལྷ་མོ་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།