[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་མའི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-22

    རང་ཉིད་ནི་མཐོ་འབྲིང་གི་བོད་སྐད་ཡིག་དགེ་རྒན་ཞིག་ཡིན་པ་དང་། ལོ་ངོ་མང་པོར་བོད་ཡིག་སློབ་ཁྲིད་ཁྲོད་དུ་བསགས་པའི་དཔེ་ཀློག་སྐོར་གྱི་ཉམས་མྱོང་ལ་དབྱེ་ཞིབ་ཅུང་ཟད་བྱས་ནས། མ་འོངས་སློབ་འབྲིང་སློབ་མའི་བོད་ཡིག་གི་ཆུ་ཚད་སྔར་བས་གོང་དུ་འཕེལ་བར་ཕན་པ་ཅུང་ཟད་ཐོབ་ན་སྙམ་པའི་ཀུན་སློང་ཞིག་གིས་བསྐུལ་ནས། སློབ་མའི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་ཐབས་སྐོར་ཅུང་ཟད་གླེང་བར་འདོད། སློབ་མའི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་ནི་མ་འོངས་དུས་སུ་སློབ་བུ་མཐའ་དག་མུ་མཐུད་འཕེལ་རྒྱས་འགྲོ་བའི་རྨང་གཞི་གཙོ་བོ་ཞིག་ཡིན་པས། འདི་ནི་སློབ་ཆུང་དུས་ནས་བཟུང་རྨང་གཞི་འདིང་དགོས་པའམ་གོམས་གཤིས་ཡག་པོ་འཇགས་དགོས་པ་ཞིག་ཡིན།

    སྤྱི་ཚོགས་ཀྱི་དཔལ་འབྱོར་ཆེས་ཆེར་འཕེལ་རྒྱས་འགྲོ་བ་དང་ཚན་རྩལ་ཤུགས་ཆེར་དར་རྒྱས་འགྲོ་བའི་དུས་རབས་འདིར། དཔེ་ཀློག་ནི་སྤྱི་ཚོགས་ཡོངས་འཕེལ་རྒྱས་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན་པ་སུས་ཀྱང་གསལ་པོར་ཤེས་ངེས་རེད། གུས་མོས་དཔེ་ཀློག་ནི་གཙོ་བོ་སློབ་ཆུང་དུས་ནས་དམ་འཛིན་བྱེད་དགོས་པ་ཞིག་རེད་ཟེར་དོན་ནི། རང་ཉིད་ཀྱིས་སློབ་འབྲིང་སློབ་མར་དཔེ་ཁྲིད་བྱེད་སྐབས་ཐོབ་པའི་མྱོང་བ་རྩ་ཆེན་ཞིག་ཡིན། དེ་ཡང་གུས་མོས་སློབ་སྦྱོང་ལ་དགའ་བའམ་སྦྱངས་འབྲས་ཅུང་ལེགས་པའི་སློབ་མ་ཚོ་དང་འབྲེལ་འདྲིས་དམ་ཟབ་བྱས་པ་ལས། སློབ་མ་དེ་རིགས་ནི་སློབ་ཆུང་སྐབས་སུ་དགེ་རྒན་དང་ཡང་ན་ཕ་མས་དུས་རྒྱུན་དཔེ་ཀློག་ལ་སྐུལ་བའི་སློབ་མ་ཤ་སྟག་ཡིན་པ་རེད། སློབ་མ་དེ་དག་སློབ་འབྲིང་དུ་སླེབས་སྐབས་རྩོམ་འབྲིའི་རྨང་གཞི་ཡག་པོ་ཡོད་པ་མ་ཟད། སློབ་སྦྱོང་ལ་དགའ་ཞིང་་སྦྱངས་འབྲས་ལེགས་ལ་བརྟན་པོ་ཡོད་པ་རེད། དེ་ལས་དཔེ་ཀློག་ནི་སློབ་ཆུང་དུས་ནས་གཙིགས་སུ་འཛིན་དགོས་པའམ་སློབ་ཆུང་དུས་ནས་གསོ་སྐྱོང་བྱེད་དགོས་པའི་གོམས་གཤིས་ཤིག་ཡིན་པར་གོར་མ་ཆག

    གཅིག དགེ་རྒན་གྱིས་སློབ་ཚན་གྱི་ནང་དོན་དང་འབྲེལ་ནས་སློབ་ཕྱིའི་དཔེ་ཀློག་ལ་སྣེ་ཁྲིད་བྱེད་པ།

    དེ་ཡང་དཔེ་ཀློག་ནི་སློབ་ཁང་ནང་གི་སློབ་གསོ་སློབ་ཁྲིད་ཀྱི་དཔེ་ཀློག་ཁོ་ནར་དམིགས་མི་རུང་བར། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་བསམ་གཞིག་བྱས་ནས་སློབ་མའི་སློབ་སྦྱོང་གི་ནང་དོན་དང་། རྣམ་པ། ཐབས་ལམ་རྒྱ་སྐྱེད་ཐབས་ཐད་ལ་སྣེ་ཁྲིད་བྱེད་དགོས། སྐད་ཡིག་སློབ་ཁྲིད་སྐབས་ངེས་པར་དུ་སློབ་ཚན་གྱི་འབྲེལ་ཡོད་ནང་དོན་སྐོར་སློབ་གསེང་དཔེ་ཀློག་ཏུ་རྒྱ་བསྐྱེད་དགོས། དུས་རྒྱུན་སློབ་གསེང་དཔེ་ཀློག་བཀོད་སྒྲིག་བྱེད་སྐབས་དམིགས་བསལ་གྱི་སློབ་ཚན་དང་། དུས་ཆེན། དྲན་གསོའི་ཉིན་མོ་སོགས་དང་འབྲེལ་བ་དམ་ཟབ་བྱས་ནས། འཆར་གཞི་ཡོད་པའི་སྒོ་ནས་དཔེ་ཀློག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། བྱེད་ཐབས་སྣ་མང་བརྒྱུད་སློབ་མར་ཕྱོགས་མང་པོའི་རྒྱུ་ཆ་སྣ་ཚོགས་གསོག་འཇོག་བྱེད་དུ་འཇུག་དགོས། ད་དུང་རྒྱུ་ཆ་དེ་རྣམས་གཞིར་བཟུང་སྟེ་རང་ཉིད་ཀྱི་འཛིན་གྲྭའི་གནས་བབ་དང་བསྟུན་ནས་གཏམ་བཤད་དང་སྤེལ་རེས་བྱེད་དུ་བཅུག་ཚེ། སློབ་མའི་ཆ་འཕྲིན་གསོག་འཇོག་གི་ནུས་པ་དང་། རྒྱུ་ཆ་གདམ་གསེས་ཀྱི་ནུས་པ། ཆ་འཕྲིན་དང་རྒྱུ་ཆ་བཀོལ་སྤྱོད་ཀྱི་ནུས་པ་སོགས་སྐྱེད་སྲིང་བྱེད་ཐུབ།

    གཉིས། དགེ་རྒན་གྱིས་སློབ་མར་འཚམ་པའི་དཔེ་ཀློག་ཇུས་འགོད་བྱེད་དགོས།

    དཔེ་ཀློག་གི་འཆར་གཞི་ཇུས་འགོད་བྱེད་སྐབས་སློབ་མའི་དོན་དངོས་དང་བསྟུན་དགོས་ཏེ། ལོ་རིམ་དམའ་བའི་སློབ་མར་བྱིས་གླུ་སོགས་ནང་དོན་གོ་སླ་བའི་རིགས་དཔེ་ཀློག་བྱེད་དུ་འཇུག་དགོས། ལོ་རིམ་འབྲིང་བའི་སློབ་མར་བྱིས་སྒྲུང་དང་རོ་སྒྲུང་། ཚན་རིག་གི་ཤེས་བྱ་བདམས་ནས་ཀློག་ཏུ་འཇུག་པ་དང་། ལོ་རིམ་མཐོ་བའི་སློབ་མར་ཚབ་མཚོན་རང་བཞིན་ལྡན་པའི་བྱིས་སྒྲུང་དང་གླིང་སྒྲུང་། ལེགས་བཤད་དང་བསླབ་བྱ། ཟློས་གར་གྱི་བསྟན་བཅོས་སོགས་ནང་དོན་ཅུང་ཟབ་ཅིང་རྒྱས་པའི་རྩོམ་རིག་བརྩམས་ཆོས་ཀློག་ཏུ་འཇུག་དགོས། དེ་ལས་གཞན་སློབ་མ་སོ་སོའི་དགའ་ཕྱོགས་དང་བསྟུན་ནས་དམིགས་བསལ་ཅན་ལ་དེ་མཐུན་གྱི་དཔེ་ཀློག་འཆར་འགོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་བས། སློབ་མ་སོ་སོའི་སློབ་སྦྱོང་གི་གནས་བབ་ནི་མཛུབ་མོ་ལྔ་བཞིན་ཁྱད་པར་ཡོད་པ་ཞིག་ཡིན་པས། གོ་བ་ལེན་ཐུབ་མིན་དང་། ཡོན་ཚད་འདང་མིན། ཆ་འཕྲིན་བསྡུ་ལེན་ཐུབ་མིན་སོགས་སློབ་མ་རང་ངོས་ཀྱི་གནས་བབ་དང་བསྟུན་ནས་དགེ་རྒན་གྱིས་དཔེ་ཀློག་འཆར་གཞི་འགོད་དགོས་པ་ནི་གནད་ཀྱི་དམ་པའོ།

    གསུམ། དགེ་རྒན་གྱིས་སློབ་མར་དཔེ་ཀློག་ལ་བརྟེན་ནས་ཤེས་རིག་གི་ཉིང་བཅུད་ལེན་པར་མཛུབ་སྟོན་བྱེད་དགོས།

    ལེགས་བཤད་དང་། གཏམ་དཔེ། བྱིས་སྒྲུང་སོགས་སྐྱེས་ཆེན་དམ་པའི་གསུང་རྩོམ་གྱི་ཉིང་བཅུད་དག་བདམས་ནས་དེས་སློབ་གསོའི་ནུས་པ་འབུར་དུ་ཐོན་པ་བྱེད་དགོས་ལ། རང་གི་ནུས་ཚོད་ཀྱིས་ཆ་རྐྱེན་བསྐྲུན་ཏེ་སློབ་མར་དཔེ་ཆ་ཡག་པོ་དང་མང་པོ་ཀློག་ཏུ་བཅུག་ནས་སློབ་མའི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱེད་དགོས། མིང་བརྡ་མང་པོ་གསོག་འཇོག་དང་མིང་བརྡའི་སྡེབ་སྦྱོར་དང་ཚིག་སྦྱོར་སོགས་རོལ་མྱོང་བྱས་ནས་སློབ་མའི་སེམས་ཁམས་ཀྱི་ཚིག་མཛོད་དེ་ཕུན་སུམ་ཚོགས་སུ་གཏོང་དགོས། གཞན་ཡང་། སློབ་མར་རང་འགུལ་གྱིས་དཔེ་ཀློག་ལ་འཇུག་པར་སྤྲོ་བའི་གོམས་གཤིས་འཇགས་པ་བྱེད་དགོས། དཔེ་ཀློག་བརྒྱུད་དེ་སློབ་མ་གང་དེའི་རྟོག་དཔྱོད་དང་། དྲན་ཤེས། གསར་གཏོད། སྙིང་རུས་བཅས་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུར་དོ་སྣང་བྱས་ཚེ། དཔེ་ཀློག་ལས་ཐོབ་པའི་ཤེས་བྱ་དེ་དག་ད་གཟོད་སློབ་མའི་རྒྱུད་ལ་འཇགས་ངེས། གཞན་ཡང་སློབ་མར་དཔེ་ཀློག་ཟིན་ཐོ་འབྲི་བའི་གོམས་གཤིས་འཇགས་སུ་འཇུག་དགོས། དཔེ་ཀློག་ཟིན་ཐོའི་ནང་དོན་ནི་སྣ་མང་ཡིན་ཆོག་སྟེ། རང་གིས་ཀློག་པའི་དཔེ་དེབ་ཀྱི་ནང་དོན་དང་། དེ་ལས་ཐོབ་པའི་བློ་བསྐྱེད། དེ་བཞིན་རང་ཉིད་ཀྱི་བསམ་ཚུལ་སོགས་གང་རུང་བྲིས་ན་ཆོག དེ་ལྟར་ཡུན་རིང་སོང་ན་སློབ་མའི་རྒྱུད་ལ་ཤེས་རིག་གི་ཉིང་བཅུད་མང་པོ་འཇགས་སྲིད།

    བཞི། དགེ་རྒན་གྱིས་སློབ་མའི་དཔེ་ཀློག་ཁྲོད་མིང་ཚིག་བརྗོད་པའི་བཀོལ་སྟངས་ཟུར་ཁྲིད་བྱེད་དགོས།

    དཔེ་ཀློག་བྱེད་པའི་དམིགས་ཡུལ་དུ་མ་ཡོད་ཅིང་། སློབ་ཆུང་གི་དུས་སྐབས་སུ་དཔེ་ཀློག་བརྒྱུད་དེ་མིང་དང་ཚིག བརྗོད་པའི་བཀོལ་སྟངས་སྦྱོང་རྒྱུ་གཙོ་བོར་འཇོག་དགོས། སློབ་མའི་དཔེ་ཀློག་ཟིན་བྲིས་ནང་མིང་ཚིག་བརྗོད་པ་གཙོ་བོར་འཇོག་པའམ་ཡང་ན་དགེ་རྒན་གྱིས་སློབ་ཁྲིད་བྱས་ཟིན་པའི་མིང་ཚིག་གཙོ་བོར་བྱེད་པ་གང་ཡིན་ཡང་། དེ་དག་གི་སྦྱོར་སྟངས་གཟབ་ནན་གྱིས་སློབ་མར་ངོས་ཟིན་དུ་འཇུག་དགོས། གཞན་ད་དུང་དཔེ་ཀློག་ཟིན་རྗེས་དགེ་རྒན་གྱིས་སློབ་མར་རང་ཉིད་ཀྱི་ལྟ་བ་བརྗོད་དུ་འཇུག་དགོས་ཤིང་། སློབ་མས་བཏོན་པའི་ལྟ་བ་གང་ཞིག་དཔེ་དེབ་ཀྱི་བསམ་བློ་དང་མི་མཐུན་ཡང་དེ་ཤོད་དུ་བཅུག་ན་སློབ་མའི་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་པ་ཆེའོ། ཡང་གཅིག་བཤད་ན། རྩོམ་པ་པོའི་བསམ་བློར་ཕྱོགས་དུ་མ་ནས་འདང་རྒྱག་དགོས་ལ། ཕྱོགས་གཅིག་མངོན་གསལ་དུ་ཡོད་ཀྱང་། ཕྱོགས་གཞན་ཞིག་ཀྱང་ཐུགས་ལ་དགོངས་མེད་པ་མི་སྲིད་པས། ཟུར་སྣེ་སོ་སོ་ནས་གོ་བ་བླངས་ན་མི་ཆོག་པ་མེད་སྙམ། དེ་བས་སློབ་མར་དཔེ་ཀློག་གི་ཟིན་བྲིས་གཞིར་བཟུང་སྟེ་ཤོད་དུ་བཅུག་ན་དགག་སྒྲུབ་ཀྱི་ཆའང་འདུས་པས། དེས་སློབ་མའི་རིག་སྟོབས་འཚར་ལོངས་ལ་ཕན་པ་ཆེན་པོ་ཐོན་ངེས།

    མདོར་བསྡུས་ན། སྐད་ཡིག་སློབ་ཁྲིད་ནི་རྒྱུན་རིང་ལ་ཁུར་ལྕི་བས་དགེ་རྒན་གྱིས་སློབ་མར་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་། དཔེ་ཀློག་བྱེད་སྟངས། དཔེ་ཀློག་གི་དམིགས་ཡུལ་སོགས་ཐོག་མའི་དུས་ནས་འགོ་བརྩམས་ཏེ་སྣེ་ཁྲིད་ཡག་པོ་བྱེད་དགོས། དེ་ལྟར་བྱས་ན། སློབ་མའི་དཔེ་ཀློག་གི་ནུས་པ་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་ཐུབ་པ་དང་། སློབ་མའི་མི་ཚེ་ཧྲིལ་པོར་ཕན་པ་མི་དམན་པ་ཞིག་ཐོབ་པ་སྨྲོས་མ་དགོས་སོ། (ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། པད་མ་བདེ་ཆེན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།