[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་མའི་བྱང་ཚད་ནི་དགེ་རྒན་གྱི་བྱང་ཚད་ལ་རག་ལུས་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-22

    དེང་སྐབས་འཛམ་གླིང་ཧྲིལ་པོ་བྱང་ཚད་སློབ་གསོ་དང་། ཆ་འཕྲིན་ཅན་གྱི་སློབ་གསོའི་ཕྱོགས་ལ་མྱུར་གྱིས་བསྐྱོད། སྔར་གྱི་ཡིག་རྒྱུགས་ལྟེ་བར་འཛིན་པའི་སློབ་གསོ་ལས་ད་ལྟ་བྱང་ཚད་སློབ་གསོ་གཙོ་བོར་འཛིན་པའི་ཚན་རིག་སློབ་གསོ་སློབ་ཁྲིད་ལ་ཞིབ་འཇུག་དང་། སྒྱུར་བཅོས་ཀྱི་རྦ་རླབས་འཕྱུར་བཞིན་མཆིས།

    དེ་ཡང་བྱང་ཚད་སློབ་གསོ་ནི། སློབ་མར་ཁ་ཕྱོགས་པ་དང་། སློབ་མའི་གཟུགས་གཞི་དང་སེམས་ཁམས། བསམ་བློ་ཀུན་སྤྱོད། ཚན་རིག་རིག་གནས་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་གོང་འཕེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། བྱང་ཚད་སློབ་གསོ་སྒོ་ཀུན་ནས་ལག་ལེན་དང་། ཁྱབ་གདལ་གཏོང་དགོས་ན། ཐོག་མར་ང་ཚོ་དགེ་རྒན་གྱི་བསམ་བློ་ཀུན་སྤྱོད་དང་། རིག་གནས་གྱི་བྱང་ཚད། ཆེད་ལས་ཀྱི་འཇོན་ཐང་སོགས་མཐོར་འདེགས་གཏོང་རྒྱུ་ནི་དུས་རབས་གསར་པས་ང་ཚོ་དགེ་རྒན་རྣམས་ལ་བཅོལ་བའི་ཆེས་བླ་ན་མེད་པའི་འགན་འཁྲི་ཞིག་རེད། དེའང་ཚང་མས་མཁྱེན་གསལ་ལྟར། བྱང་ཚད་ཅེས་པའི་ཐ་སྙད་དེ་མ་གཞི་ཆུ་ཚད་ཅེས་པ་དང་འདྲ་ནའང་དེར་མི་འདྲ་བའི་ཕྱོགས་ཀྱང་ཡོད་པ་སྟེ། བྱང་ཚད་ནི་འགྲོ་བ་མི་སྟེ་བྱེད་པ་པོ་རང་ལ་འཇུག་པ་ལས་འགྲོ་བ་མིས་བསྐྲུན་པའི་བྱ་བའི་ཡུལ་ལམ་བྱ་དངོས་ལ་མི་འཇུག་པ་དཔེར་ན། འཚོ་བའི་བྱང་ཚད་དང་། དཔལ་འབྱོར་གྱི་བྱང་ཚད་ལྟ་བུ་ཟེར་སྲོལ་མ་མཆིས་པར་འཚོ་བའི་ཆུ་ཚད་དང་། དཔལ་འབྱོར་གྱི་ཆུ་ཚད་ཅེས་ཡོངས་ཁྱབ་ཏུ་འཇུག་པའོ། གཞན་ཡང་བྱད་ཚད་ལ་རྩ་བའི་ནང་གསེས་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས། ཁོ་བོས་རྩོམ་འདིའི་ཁ་བྱང་དུ་བྲིས་པའི་བྱང་ཚད་ནི་སྤྱིའི་བྱང་ཚད་ཡིན་པ་དང་། བྱེ་བྲག་གི་བྱང་ཚད་ལ་གྲངས་འདི་ཙམ་ཞེས་ངེས་གཏན་མེད་པས། གཤམ་དུ་ཁོ་བོས་བྱེ་བྲག་གི་བྱང་ཚད་གཙོ་བོ་གསུམ་གྱི་ཐད་རང་གི་མྱོང་བ་དང་བསྟུན་ནས་དགེ་སློབ་ཀུན་ལ་བགྲོ་གླེང་གི་ཚུལ་དུ་བརྗོད་པར་བྱ།

    གཅིག དགེ་རྒན་གྱིས་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོར་འདེགས་དང་ཧུར་སེམས་ཀྱི་སྙིང་སྟོབས་སྤེལ་ནས་སློབ་མར་རང་དཔེ་གཞན་སྟོན་བྱེད་དགོས།

    མཚན་ཉིད་ཚང་བའི་བཤེས་གཉེན་ཞིག་ཡིན་ཕྱིར་དེར་ལྡན་དགོས་པའི་བསམ་བློ་ཀུན་སྤྱོད་དང་། ཤེས་རིག་གི་ཡོན་ཏན་སོགས་ལ་ཚད་མཐོའི་རེ་བ་བཏོན་ཡོད་ཅིང་། དགེ་རྒན་ནི་སྐྱེ་བོ་ཀུན་གྱི་མིག་དཔེ་ཡིན་ཞེས་པ་ལྟར། དགེ་རྒན་གྱི་བྱ་སྤྱོད་ལས་སློབ་མའི་སེམས་ཁམས་དང་། གཤིས་རྒྱུད། ཀུན་སྤྱོད་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། གལ་ཏེ་དགེ་རྒན་གྱི་ཀུན་སྤྱོད་ཕྲ་མོ་ཙམ་ཞིག་ཡག་པོ་མེད་ཀྱང་དེས་སློབ་ཕྲུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ། དགེ་རྒན་ལ་བརྩི་བཀུར་མི་བྱེད་པ་མ་ཟད། ཐ་ན་འཕྱ་དམོད་ཀྱང་བྱེད་སྲིད་དེ། དཔེར་ན། དགེ་རྒན་ཆེ་གེ་མོས་སློབ་ཚན་ཁྲིད་སྐབས་གོས་ཐུང་གི་མཐེབ་ཆི་གྲོལ་ཡོད་ཀྱང་སྣང་བ་མ་བྱུང་བར་ནག་པང་སྟེང་དུ“ལྷམ་ཕུད་དེ་བསྡད”ཅེས་བྲིས་ཏེ། སློབ་མ་རྣམས་ལ་ཁྱེད་ཚོས་ངའི་དཔེར་བརྗོད་འདི་དང་འདྲ་བའི་ལྷག་བཅས་ཀྱི་དཔེར་བརྗོད་གཅིག་བྲིས་དང་ཞེས་གསུངས་མ་ཐག བཀྲ་ཤིས་ཡར་ལངས་ནས་ནག་པང་སྟེང་དུ“མཐེབ་ཆི་གྲོལ་ཏེ་ཡར་ལངས་ནས་སློབ་ཚན་ཁྲིད”ཅེས་བྲིས་པས་ཚང་མ་གད་མོ་ཤོར་བ་ལྟ་བུ་རེད།

    དེས་ན། དགེ་རྒན་ཞིག་ཡིན་ཕྱིན་ངེས་པར་དུ་རང་གིས་རང་ལ་རེ་བ་དེ་བས་ནན་པོ་བཏོན་ནས་རང་འགུལ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོས་སློབ་མ་རྣམས་ལ་ཀུན་སྤྱོད་ཐད་དྲང་ཕྱོགས་ཀྱི་མིག་དཔེ་བཟང་པོ་ཞིག་འདོན་དགོས་པ་ནི་ཤིན་ཏུ་གལ་ཆེའོ།

    གཉིས། དགེ་རྒན་གྱི་ཤེས་བྱའི་བྱང་ཚད་མཐོ་རུ་བཏང་ནས་སློབ་མའི་ཤེས་རིག་གི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

    ཤེས་རིག་གི་བྱང་ཚད་ནི་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་བརྒྱུད་རིམ་ཁྲོད་ཀྱི་རྩ་བའི་བྱང་ཚད་ཡིན།

    ཁ་རྒྱུན་དུ། སློབ་མར་ཆུ་ཕོར་པ་གང་བྱིན་དགོས་ན། དགེ་རྒན་ལ་ཆུ་ཟོམ་གང་དགོས་ཞེས་བརྗོད་པ་ལས། དགེ་རྒན་ལ་སློབ་མར་དཔེ་ཁྲིད་བྱེད་པའི་ཤེས་བྱ་གྱ་ནོམ་པ་ཞིག་འཛོམས་དགོས་པ་བསྟན་ཡོད་ལ། དགེ་རྒན་གྱི་ཤེས་རིག་གི་བྱང་ཚད་ཇི་ཙམ་མཐོ་བ་ཡོད་ན། སློབ་མའི་ཤེས་རིག་གི་བྱང་ཚད་ཀྱང་དེ་ཙམ་གོང་དུ་འཕེལ་ལུགས་བརྗོད་ཡོད། དགེ་རྒན་ཞེས་པའི་མིང་དེ་ནི་ཧ་ཅང་རླབས་པོ་ཞིག་ཡིན་ལ། དེའི་ལས་འགན་ནི་ཧ་ཅང་ལྕི་ལ་གཟི་བརྗིད་དང་ལྡན་པ་ཞིག་དང་། རེ་བ་ནི་ཧ་ཅང་མཐོ་པོ་ཞིག་ཡིན་ཞིང་། དགེ་རྒན་ཞེས་པའི་ཐ་སྙད་དེ་སློབ་གྲྭ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཁྱོན་ཡོངས་ལ་ཁྱབ་པའི་བླ་ན་མེད་པའི་མཚན་བྱང་ཞིག་ཡིན་ཏེ། དཔེར་ན། ཤིང་བཟོ་དང་། རྡོ་བཟོ། འཚེམ་བཟོ། ལྷ་རིས་པ། མ་བྱན་སོགས་ལས་རིགས་ཚང་མར་དགེ་རྒན་ཡོད་པ་དག་ལ་བུ་སློབ་ཚོས་དགོས་འདོད་ཀྱི་ཤེས་བྱ་དང་ལག་རྩལ་སྦྱོང་བར་བསྟེན་པ་ཙམ་མ་ཟད། ངའི་རྒན་ལགས་ཞེས་གོང་དུ་བཀུར་བར་བྱེད་པ་ལྟ་བུའོ།

    དེས་ན། དགེ་རྒན་ཚོས་རང་ཉིད་ལ་ཡོད་པའི་ད་ཡོད་ཀྱི་ཤེས་བྱར་བློ་ཡིད་ཚིམས་ནས་མ་བསྡད་པར་དུས་རབས་གསར་པའི་སློབ་གསོའི་དགོས་མཁོ་དང་བསྟུན་ནས། རང་གི་ཤེས་བྱའི་བྱང་ཚད་གོང་མཐོར་བཏང་སྟེ་དེང་གི་སློབ་མ་ཚོའི་གསར་ཐོན་བྱ་དངོས་ཤེས་རྟོགས་ཀྱི་ནུས་པ་དང་། གསར་ཐོན་ཆ་འཕྲིན་རྟོགས་པའི་ནུས་པ། ཁྱད་མཚར་བའི་གསར་ཐོན་གནད་དོན་དབྱེ་འབྱེད་བྱེད་པའི་ནུས་པ་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་བྱང་ཚད་གོང་མཐོར་གཏོང་བའི་རེ་འདོད་སྐོང་ཐུབ་ཕྱིར། ཐོག་མར་དགེ་རྒན་རང་ངོས་ཀྱི་ཤེས་བྱའི་བྱང་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ནོ།

    གསུམ། དགེ་རྒན་གྱི་ལས་སྒོའི་བྱང་ཚད་མཐོ་རུ་བཏང་ནས། ཚན་རིག་དང་མཐུན་པའི་ཐབས་ལམ་ལ་བརྟེན་ཏེ་མི་སྣ་གསོ་སྐྱོང་བྱེད་དགོས།

    མི་བཟང་གསོ་བར་ལོ་བརྒྱ་དང་། ཤིང་བཟང་གསོ་བར་ལོ་བཅུ་ཞེས་པའི་དཔེ་ལྟར། མི་སྣ་གསོ་སྐྱོང་བྱེད་པར། དགེ་རྒན་གྱིས་ངེས་པར་དུ་རང་གི་ལས་སྒོའི་བྱང་ཚད་གོང་མཐོར་བཏང་སྟེ། སློབ་མར་སློབ་སྦྱོང་ཙམ་མ་ཟད། མིག་སྔའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འབྲེལ་བའི་ཤེས་བྱ་གསར་པ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་རིག་སྦྱིན་ནས་སློབ་མའི་རྒྱུད་ལ་སྣ་མང་ཡོན་ཏན་འཇགས་ཐབས་བྱེད་དགོས།

    དེ་ཡང་། སློབ་ཁྲིད་ནི་ཚན་རིག་གི་བྱེད་སྒོ་ཞིག་ཡིན་ལ། སྒྱུ་རྩལ་གྱི་བྱེད་སྒོ་ཞིག་ཀྱང་ཡིན། ཚན་རིག་དང་མི་མཐུན་པའི་སློབ་ཁྲིད་ཐབས་ལམ་ནི་རྨོངས་ཚོད་ཀྱི་སློབ་གསོ་ཞིག་ཡིན་པས། དེ་ནི། དམིགས་འབེན་མེད་པར་མདའ་འཕངས་པ་དང་མཚུངས། སྒྱུ་རྩལ་གྱི་དབེན་པའི་སློབ་གསོ་ནི་ཚ་བས་བཅོམ་པའི་ལྗང་བུ་ཞིག་དང་འདྲ་བར་གསོན་ཤུགས་གང་ཡང་མི་ལྡན་པས། དགེ་རྒན་གྱིས་སྲོལ་རྒྱུན་སློབ་ཁྲིད་ཐབས་ལམ་ཐད་སྙིགས་དོར་བཅུད་ལེན་དང་། བསླབ་གཞི་གསར་པའི་སྒྱུར་བཅོས་བྱེད་ཐབས་ལ་སློབ་སྦྱོང་གཏིང་ཟབ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དོན་འཁྱོལ་བཅས་བྱས་ནས། སློབ་མའི་སློབ་སྦྱོང་གི་དགའ་སྣང་འཚོལ་ཞིབ་དང་། ཁོ་ཚོས་དོ་སྣང་བྱེད་པའི་གནད་དོན་ལ་ཧུར་བརྩོན་ཆེན་པོས་སྣེ་ཁྲིད་དང་རོགས་རམ་བྱེད་དགོས་ཤིང་། ཁོ་ཚོར་འབྱུང་འགྱུར་སྤྱོད་སྒོ་ཆེ་བའི་འཇོན་ནུས་སློབ་པ་དང་། ཡང་དག་པའི་མི་ཚེའི་ལྟ་བ་དང་དྲང་ཕྱོགས་ཀྱི་བསམ་བློ་ཁྲིད་སྟོན་བྱས་ཏེ། སློབ་མའི་མ་འོངས་པའི་མདུན་ལམ་ལ་འགན་སྲུང་བྱེད་དགོས་པ་དང་། རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་གྱི་གསར་གཏོད་ནུས་པ་དང་། སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སློབ་ཁྲིད་བརྒྱུད་རིམ་ཁྲོད། ཚན་རིག་རང་བཞིན་དང་། སྒྱུ་རྩལ་རང་བཞིན་མངོན་འགྱུར་ཡོང་ཕྱིར་དགེ་རྒན་གྱི་ལས་སྒོའི་བྱང་ཚད་གོང་མཐོར་གཏོང་དགོས་སོ།

    མིག་སྔར་ང་ཚོས་གསོ་སྐྱོང་བྱེད་པ་ནི་དུས་རབས་གསར་པའི་རྐང་འཛིན་པ་ཡིན་ཞིང་། ཚན་རིག་འཕེལ་རྒྱས་ཆེ་བའི་དུས་རབས་འདིར། རྩེར་སོན་ཚན་རིག་ལག་རྩལ་གྱིས་སྔར་འབྱུང་མ་མྱོང་བའི་མྱུར་ཚད་ལ་བརྟེན་ནས་སྤྱི་ཚོགས་འདི་དུས་རབས་གསར་པའི་ཕྱོགས་སུ་སྐུལ་འདེད་བཏང་དང་གཏོང་མུས་སུ་མཆིས། དུས་རབས་གསར་པའི་དགེ་རྒན་ལའང་། དོར་ཐབས་མེད་པའི་འགན་འཁྲི་དང་བླ་ན་མེད་པའི་གཟི་བརྗིད་བསྩལ་ཡོད། སློབ་གསོ་མཁས་ཅན་རྣམས་ཀྱི་ཞལ་རྒྱུན་ལས། སློབ་ཕྲུག་ཅིག་ལ་སློབ་གྲྭའི་ནང་ཐོབ་པའི་ཤེས་བྱ་ནི་10%ཡི་གཡས་གཡོན་ཙམ་ཡིན་པ་དང་། དེ་བྱིངས་ནི་མུ་མཐུད་སློབ་སྦྱོང་བྱས་ནས་ཐོབ་པ་ཤ་སྟག་རེད་ཅེས་གསུངས་ཡོད། དེར་བརྟེན། དགེ་རྒན་ཞིག་གི་ངོས་ནས་བཤད་ན། སློབ་མར་གསེར་སྦྱིན་པ་ལས་གསེར་འཚོལ་བའི་ཐབས་ཤེས་སློབ་རྒྱུ་དེ་གལ་ཆེ་བར་ཤེས་དགོས།

    མདོར་ན། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་མྱུར་བའི་དེང་གི་དུས་འདིར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་མ་འོངས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པས། དུས་རབས་གསར་པའི་མི་སྣ་གསོ་སྐྱོང་གང་ལེགས་བྱེད་པར་དགེ་རྒན་གྱི་བྱང་ཚད་གོང་མཐོར་གཏོང་རྒྱུ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ནོ། (ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭ ངག་དབང་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།