[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • མཐོ་འབྲིང་བོད་ཡིག་དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་ལ་བཟོ་བཅོས་ཇི་ལྟར་རྒྱག་དགོས་ཚུལ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-15

    སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། དེས་ན་སྐད་ཡིག་བཀོལ་སྤྱོད་ལུགས་མཐུན་བྱས་ནས་སྔོན་ཐོན་མི་རིགས་ཀྱི་རྗེས་སུ་སླེབས་པར་བྱེད་པ་ནི་ཚང་མའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད་ལ། སྐད་ཡིག་དར་རྒྱས་གོང་འཕེལ་གཏོང་བ་ཡང་སྦྱོང་སྤྱོད་སྤེལ་གསུམ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ནི་ཐོག་མར་རྩོམ་ཡིག་འབྲི་སྦྱོང་ནས་འགོ་འཛུགས་དགོས། རྩོམ་ཡིག་ཅེས་པ་ནི་སྐྱེས་བུ་རང་སོ་སོའི་སེམས་ཁམས་ཀྱི་འཆར་རྟོག་ཡིག་ཐོག་ནས་མངོན་པར་བྱེད་པ་ཞིག་ཡིན་ཏེ། དེའི་ནང་མི་ཆོས་ཀྱི་མཛེས་པ་དང་། རིན་ཐང་གི་ལྟ་བ། མི་ཚེའི་ལྟ་བ་སོགས་ཀྱིས་ཕྱུག་ནས་ཡོད། དེ་ལྟའི་རྩོམ་ཡིག་ལ་བཟོ་བཅོས་བྱེད་པ་ནི་གཅིག་ནས་སློབ་མའི་སེམས་ཁམས་ཀྱི་འཁྱེར་བཟོར་ཤེས་རྟོགས་དང་། གཉིས་ནས་སྦྱང་བྱའི་ཡོན་ཚད་ལ་བརྟག་པ། གསུམ་ནས་སློབ་མའི་རྨང་གཞིའི་ཤེས་བྱར་རྒྱུས་ལོན་པ། བཞི་ནས་ཕུགས་འདུན་དང་འབྲེལ་བའི་མི་ཚེའི་མདུན་ལྗོངས་ལ་བསམ་གཞིག་གི་སྒོ་མོ་འབྱེད་པའི་བྱ་ཐབས་བཅས་རེད། དེས་ན། སློབ་མ་ཞིག་གི་སློབ་སྦྱོང་གི་ཡོན་ཚད་ཙམ་མ་ཟད། མི་གཤིས་དང་འབྲེལ་བའི་སེམས་ཁམས་ལ་རྒྱུས་ལོན་བྱེད་དགོས་ན་སློབ་མ་གང་དེའི་རྩོམ་ཡིག་བལྟས་པ་ལས་ཤེས་ཐུབ། དེས་ན། ཁོ་བོས་རང་ཉིད་ཀྱི་མྱོང་བ་དང་འབྲེལ་ཏེ་མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྩོམ་ཡིག་ལ་བཟོ་བཅོས་ཇི་ལྟར་རྒྱག་དགོས་ཚུལ་སྐོར་རགས་ཙམ་གླེང་བར་བྱ།

    གཅིག དཔེ་དེབ་ལྟ་ཀློག་ལ་མཛུབ་སྟོན་བྱེད་དགོས་པའི་སྐོར།

    དཔེ་ཆ་ལྟ་ཀློག་ནི་ཤེས་བྱ་འཕེལ་བའི་རྨང་གཞིའམ་རྨང་རྡོ་ཞིག་ཡིན་པས། སློབ་འབྲིང་བོད་ཡིག་སློབ་ཐབས་ལས། ད་ལྟའི་སྤྱི་ཚོགས་སུ་ཤེས་ཡོན་གང་འཚམ་ཡོད་པའི་མི་ཞིག་ཡིན་ཕྱིན་དཔེ་དེབ་ཀློག་པ་དང་ཚགས་པར་སོགས་ཀློག་དགོས་པས་ན། ལྟ་ཀློག་ནི་མི་རྣམས་ཀྱི་ཆེས་གཞི་རྩའི་སློབ་སྦྱོང་བྱ་རིམ་ཞིག་ཡིན་ཞེས་བཤད་པ་ལྟར། ལོ་རིམ་མཐོ་དམའ་གང་གི་དཔེ་དེབ་ཡིན་རུང་མང་ཙམ་ལྟ་ཀློག་བྱེད་རྒྱུ་ཧ་ཅང་གལ་ཆེ། ཡག་ཤོས་བྱུང་ན་དུས་དེབ་དང་ཚགས་པར། སྙན་རྩོམ། དེ་བཞིན་སློབ་མའི་རྩོམ་ཡིག་སོགས་སློབ་ཕྱིའི་དཔེ་ཆ་གཞན་རྣམས་ཀློག་ཐུབ་ན་མ་མཐར་ཡང་འབྲི་ཀློག་གི་ནུས་པ་འཕེལ་ཐུབ་ལ། ཆེས་མཐོ་ས་ནས་བཤད་ན། སློབ་ཁང་གི་སློབ་ཁྲིད་ནས་ཐོབ་དཀའ་བའི་ཤེས་བྱ་སྣ་ཚོགས་ཤིག་སློབ་མའི་རྒྱུད་ལ་འཇགས་ཐུབ། འོ་ན། སློབ་ཕྱིའི་ལྟ་ཀློག་ལ་བརྟེན་ནས་སློབ་མའི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་ཇི་ལྟར་གཏོང་དགོས་སམ་ཞེ་ན། རང་གཤིས་ལྡན་པའི་སྒོ་ནས་ལྟ་ཀློག་བྱེད་པ་གཙིགས་སུ་འཛིན་པ་དང་། རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་དང་གསོག་འཇོག་བྱས་པའི་ཤེས་བྱ་ལེགས་པར་སྤྱད་དེ། རང་འགུལ་གྱི་བསམ་གཞིག་དང་ཚོར་འདུ་ལ་བརྟེན་ནས། མྱོང་ཚོར་དང་ཉམས་ལེན་ཁྱད་པར་བ་ཐོབ་པར་བྱེད་དགོས་ཞེས་པ་ལྟར། དགེ་རྒན་གྱིས་ཁྲིད་སྟོན་འོག་སློབ་མ་རང་ཉིད་ཀྱིས་དམིགས་ཡུལ་ཁ་གསལ་ཡོད་པའི་སྒོ་ནས་སྙན་ངག་དང་། སྒྲུང་གཏམ། སློབ་མའི་རྩོམ་ཡིག་སོགས་ལྟ་ཀློག་བྱེད་དགོས་པར་མཛུབ་མོས་རི་སྟོན་བྱེད་དགོས། དེ་ལྟར་བྱས་ན་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་བར་ཕན་ཐོགས་ཆེན་པོ་ཐོན་ངེས་རེད།

    གཉིས། རྨང་གཞིའི་ཤེས་བྱར་བཟོ་བཅོས་བྱ་ཐབས་སྐོར།

    དེ་ནས་བོད་སྐད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་བར་ཐོག་མར་སུམ་རྟགས་དག་གསུམ་གྱི་རྨང་གཞིའི་ཤེས་བྱའི་ནོར་འཛོལ་གྱི་ཆ་ཅི་མཆིས་པར་བཟོ་བཅོས་རྒྱག་པ་ནི་ཤིན་ཏུ་ནས་འགངས་ཆེ་ལ། རང་གི་རྩོམ་ཡིག་སྙན་ཞིང་འཇེབས་པ་ཞིག་ཡོང་ཕྱིར་སྙན་ངག་དང་མངོན་བརྗོད་སོགས་ལ་ནང་བྱན་ཆུད་པར་བྱས་ཏེ་རྩོམ་འབྲི་ལ་གཞོལ་བ་ལས་བརྗེད་ཐོ་འཕེར་བ་ཙམ་གྱི་རྩོམ་ལ་འཇུག་པ་ནི་དཔའ་བོ་ལག་རྡུམ་གྱི་ངང་ཚུལ་ལས་མ་འདས། ལྷག་པར་དུ་བོད་ཀྱི་སུམ་རྟགས་དག་གསུམ་ལ་སྦྱངས་པ་སྔོན་དུ་གཏོང་བ་ནི་རྩོམ་འབྲི་ལ་འཇུག་པའི་སྔོན་འགྲོའི་སྔོན་འགྲོའང་རེད། དེ་ཡང་། ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་རྟགས་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །ཞེས་དང་། ད་དུང་། མིང་ཚིག་བརྗོད་པ་མེད་ན་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཤེས་བྱ་སྟོན་པའང་མེད་པར་འགྱུར། །ཞེས་གསུངས་པ་བཞིན་བྲིས་པའི་རྩོམ་ཡིག་ལ་དག་ནོར་མེད་པར་བྱེད་རྒྱུ་ནི་གལ་ཆེ་སྟེ། གལ་ཏེ་དག་ནོར་ཐོན་ཚེ་དོན་ཇི་བཞིན་རྟོགས་མི་ཐུབ་པ་མ་ཟད། གོ་བ་ལོག་པ་སོགས་པའི་སྐྱོན་མང་དུ་མཆིས་ངེས། དེ་ཕྱིར་མཐོ་འབྲིང་སློབ་མའི་རྩོམ་ཡིག་ལ་བཟོ་བཅོས་བྱེད་པར་དང་ཐོག་སྦྱངས་ཟིན་པའི་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་གཞིར་བཟུང་ནས་རྩོམ་འབྲི་ཐུབ་མིན་གཙོ་བོར་བཟུང་དགོས་པ་དང་། དེ་ནི་སློབ་མ་རང་ངོས་ནས་ཐོག་མའི་འབད་པ་བྱ་ཡུལ་ཞིག་ཡིན་ལ། དེར་བཅོས་མཁན་གྱི་ངོས་ནས་བརྗོད་ནའང་། མ་མཐའི་ཆ་རྐྱེན་ཞིག་ཏུ་འཁུམས། དེར་བརྟེན། རྨང་གཞིའི་ཤེས་བྱ་སྟེ། སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་མ་ནོར་བར་བཅོས་ཏེ་སློབ་མའི་རྒྱུད་ལ་ཡང་དག་པར་འཇགས་པ་བྱེད་པ་ཤིན་ཏུ་ནས་གལ་ཆེ།

    གསུམ། སྒྲིག་གཞིའི་གོ་རིམ་སྒྲིག་སྟངས་ཇི་ལྟར་བཅོས་ཚུལ་སྐོར།

    སྒྲིག་གཞིའི་གོ་རིམ་ནི་རྩོམ་ཡིག་གི་ནང་དོན་བང་རིམ་ཇི་ཙམ་ཡོད་པ་གོ་རིམ་ལྟར་གོང་འོག་དང་ཚན་པ་སྒྲིག་པ་ལ་བརྗོད་དེ། ནང་དོན་རིམ་པ་ཇི་ཙམ་ཡོད་པ་ཚང་མས་བརྗོད་བྱའི་སྙིང་པོ་གཅིག་སྡུད་དུ་མཚོན་པར་བྱེད་པ་ཡིན། འོན་ཏེ་སློབ་མའི་རྩོམ་ཡིག་གི་སྒྲིག་གཞིར་རྒྱུན་དུ་ལྷག་པའི་སྣང་ཚུལ་མང་དུ་མཆིས་ཤིང་། དེ་དག་མདོར་འདྲིལ་ན། གཅིག་ནས་སྒྲིག་གཞིའི་གོ་རིམ་མི་གསལ་བ། གཉིས་ནས་དུམ་མཚམས་སོ་སོས་ནང་དོན་མི་འདྲ་བ་རེ་སྟོན་པ། གསུམ་ནས་རྩོམ་ཡིག་ཧྲིལ་པོར་དུམ་མཚམས་གཅིག་ལས་མེད་པའམ་ཡང་ན་དུམ་མཚམས་ཀྱི་དབྱེ་བ་ཕྱེ་དྲགས་པའི་རྐྱེན་གྱིས་རྩོམ་ཡིག་ཧྲིལ་པོ་ཁ་འཐོར་དུ་སོང་བ་བཅས་རེད། དེ་ལྟའི་རྩོམ་ཡིག་ལ་བཟོ་བཅོས་བྱེད་པར་ཐོག་མར་རྩོམ་ཡིག་ཧྲིལ་པོའི་སྒྲིག་གཞི་གསལ་པོར་བཅོས་དགོས། དེ་རྗེས་དུམ་བུ་རེ་རེས་བསྟན་པའི་ནང་དོན་གྱིས་རྩོམ་ཡིག་ཧྲིལ་པོའི་ནང་དོན་ལ་གཞོགས་འདེགས་ཐུབ་མིན་ལ་བཟོ་བཅོས་བྱེད་དགོས་པ་ཡིན། དེ་ལྟར་བྱུང་ཚེ་རྩོམ་ཡིག་ཧྲིལ་པོའི་ནང་དོན་མགོ་ལུས་སྙོམས་པ་ཞིག་ཡོང་ཐུབ་ལ། ལྷག་པར་དུ་དུམ་མཚམས་རེ་རེས་བསྟན་པའི་འབྲེལ་མེད་བྱེ་བྲག་གི་ནང་དོན་དང་རང་གྲུབ་དུམ་བུ་རེ་རེའི་ཁ་མི་གསལ་བའི་བརྗོད་བྱ་སོགས་འདོར་དགོས་ལ། དེའི་ཚབ་ཏུ་ཁ་གསལ་གོ་བདེའི་ཚིག་ཁ་སྣོན་བྱས་ནས་བཅོས་དགོས། དེ་ལྟར་བྱུང་ཚེ་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་གཅིག་སྡུད་ཀྱིས་མཚོན་ཐུབ།

    བཞི། ཚིག་སྦྱོར་ལ་བཟོ་བཅོས་བྱ་ཐབས་སྐོར།

    རྗེ་ཙོང་ཁ་པས། རིགས་ལམ་ཕྲ་མོར་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་གསུངས་པ་ལྟར། རྩོམ་ཡིག་གི་ཚིག་གི་སྦྱོར་བར་བཟོ་བཅོས་བྱེད་པ་ནི་བརྗོད་བྱའི་ནང་དོན་གསལ་བརྗོད་དང་ཡག་ཐོག་ཡག་རྩེག་ཡོང་བའི་ཆེད་དུ་བཟོ་བཅོས་བྱེད་པ་ཞིག་ཡིན་པས། ཚིག་སྦྱོར་ཉག་ཉོག་དང་མགོ་མཇུག་རྙོག་བསྲེས་ཅན་དུ་སོང་ན་ནང་དོན་ཇི་བཞིན་སྟོན་པའི་གེགས་སུ་འགྱུར་སྲིད། དེས་ན་མཐོ་འབྲིང་སློབ་མའི་རྩོམ་ཡིག་གི་ཚིག་སྦྱོར་བཟོ་བཅོས་བྱེད་པར་དང་ཐོག་གོང་དུ་བཤད་པ་ལྟར། རྨང་གཞིའི་ཤེས་བྱའི་ཐད་ལ་བཟོ་བཅོས་བྱེད་དགོས་ཤིང་། དེ་ཡང་སྦྱངས་ཟིན་པའི་སུམ་རྟགས་དག་གསུམ་གྱི་ཐད་ནོར་འཛོལ་མ་བྱུང་བའི་ཁར་རྩོམ་ཡིག་ནང་དུ་ཐོན་པའི་འགལ་བའི་རང་བཞིན་ཅན་གྱི་ཚིག་རོ་རྣམས་སུབ་དགོས་པ་མ་ཟད། ཚིག་སྦྱོར་སྔ་ཕྱིའི་གོ་རིམ་དང་གཏན་ཚིགས་རང་བཞིན་གྱི་ཚིག་འགལ་བར་སོང་རིགས་འདོར་དགོས་ལ། དོན་ལ་མི་གནས་པའི་ཚིག་འགའ་རེ་དམིགས་བསལ་གྱིས་སུབ་དགོས་པ་ཡང་ཡོད། གཞན་ད་དུང་ཚིག་རྒྱན་གྱི་འོས་མིན་དང་ཁྱད་གཞི་གང་གི་ཁྱད་ཆོས་གནད་ལ་འཁེལ་མིན་བཅས་ལ་བརྟག་དགོས།

    ལྔ། བརྗོད་བྱའི་ནང་དོན་ལ་བཟོ་བཅོས་བྱ་ཐབས་སྐོར།

    དེ་ཡང་གཙོ་ཆེ་ཤོས་ནི་རྩོམ་པ་པོའི་ལྟ་བ་ཡིན་ཏེ། སྲོག་གི་དབང་པོས་མ་བཟུང་བའི། །མི་རོ་བཟང་ཡང་སུ་ཞིག་ལེན། །ཞེས་པ་ལྟར་བརྗོད་བྱའི་ནང་དོན་གལ་ཆེ་སྟེ། མཐོ་འབྲིང་སློབ་མའི་རྩོམ་ཡིག་བཟོ་བཅོས་བྱེད་སྐབས་གོང་དུ་བཤད་པ་བཞིན་རྨང་གཞི་དང་། ཚིག་སྦྱོར། སྒྲིག་གཞི་སོགས་ཀྱི་ཆ་ནས་བཟོ་བཅོས་བྱེད་དགོས། ནང་དོན་གྱི་ཆ་ནས་བཟོ་བཅོས་བྱེད་པ་ནི་རྩོམ་པ་པོའི་ལྟ་ཚུལ་ལ་བཟོ་བཅོས་བྱེད་པ་ལྟ་བུར་གྱུར་ཡོད། སྤྱིར་རྩོམ་ཡིག་ནང་གི་ལྟ་ཚུལ་བཟང་ངན་ཅི་ཡིན་རུང་། དེ་ནི་རྩོམ་པ་པོའི་མི་གཤིས་དང་འཚོ་བའི་མྱོང་གོམས། ཤེས་བྱའི་ཡོན་ཚད་སོགས་དང་འབྲེལ་བས། དེར་གཞན་གྱི་བཟོ་བཅོས་བྱེད་པ་ནི་རྩོམ་པ་པོའི་རྣམ་ཤེས་ལ་གཤགས་བཅོས་བྱེད་པ་དང་གཅིག་མཚུངས་རེད། དེ་ལྟའི་བཟོ་བཅོས་ནི་སྤྱིར་མི་འོས་པ་ཞིག་རེད། ཡིན་ནའང་སློབ་མའི་རྩོམ་ཡིག་ནང་བྱུང་བའི་ལྟ་བ་ལ་ཡང་དག་མིན་གྱི་ཆ་ནས་བཟོ་བཅོས་བྱེད་དགོས་པ་དང་། བཟོ་བཅོས་བྱས་པ་ལ་བརྟེན་ནས་ཡང་དག་པའི་རིན་ཐང་ལྟ་ཚུལ་གཏན་འཁེལ་བྱེད་ཐུབ་པའི་ནུས་པ་གོང་མཐོར་གཏོང་བའམ་ནུས་པ་སྐྱེད་སྲིང་བྱེད་དགོས། རྩོམ་ཡིག་ལས་སློབ་མ་ཞིག་གི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་ཡུག་གཅིག་ཏུ་མཐོང་ཐུབ། ལྟ་ཚུལ་དེ་ཡང་དག་པའི་ལྟ་ཚུལ་ཡིན་མིན་ནི་རྩོམ་ཡིག་གི་བཟོ་བཅོས་ཙམ་དང་འབྲེལ་བ་མ་ཟད། སློབ་མའི་མི་ཚེའི་ལྟ་ཚུལ་ལེགས་ལམ་དུ་འདྲེན་པའི་འགན་འཁྲི་ཞིག་ཀྱང་ཡིན་པས་ངེས་པར་དུ་བཟོ་བཅོས་བྱེད་དགོས་ལ། ལྷག་པར་དུ་སློབ་མ་རང་གིས་བྲིས་པའི་རྩོམ་ཡིག་དེ་ཚོར་ཡང་དགེ་རྒན་ནས་བསྟོད་བསྔགས་བྱེད་དགོས་པ་མ་ཟད། སློབ་མའི་ཁྲོད་བཀླགས་ཏེ་རང་ལ་ཡིད་ཆེས་རྙེད་པ་དང་གཞན་གྱི་སྐུལ་ལྕག་དང་མིག་དཔེར་གྱུར་བ་བྱེད་དགོས།

    མདོར་ན། རྩོམ་ཡིག་ལ་བཟོ་བཅོས་བྱེད་པར་ནང་དོན་དང་། ཚིག་སྦྱོར། སྒྲིག་གཞི་དང་རྨང་གཞི་སོགས་ནས་བཟོ་བཅོས་ལེགས་པར་བྱེད་དགོས་ཏེ། ཚིག་སྦྱོར་དང་རྨང་གཞིའི་ངོས་ནས་སྦྱངས་ཟིན་པའི་སུམ་རྟགས་དག་གསུམ་མ་ནོར་མ་འཁྲུལ་བར་སྤྱོད་དགོས་པའི་ཁར། ཚིག་གི་སྤྱོད་སྟངས་གནད་ལ་འཁེལ་མིན་དང་། ཚིག་ཉོག་ཡོད་མེད་བཅས་ལ་གཟབ་དགོས་ལ། ནང་དོན་གྱི་ཆ་ནས་ལུང་དུ་དྲངས་པའི་གསུང་རབ་དང་མི་སྣ་སོགས་མ་རྩོམ་དང་མཐུན་མིན། ལྷག་པར་བསམ་བློའི་རང་བཞིན་ཡང་དག་མིན་ལ་ལེགས་པར་བརྟག་དགོས། དེ་ལྟར་བྱུང་ཚེ་སློབ་མའི་རྩོམ་འབྲིའི་སྤྲོ་སྣང་རིམ་གྱིས་འཕེལ་ཐུབ།

    (གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་མཐོ་རིམ་སློབ་འབྲིང་། བུ་ལགས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།