[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • གང་འདྲ་ཞིག་ལ་བྱེད་ཤེས་པ་ཞེས་ཟེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྷག་སྒྲོན།    |    སྤེལ་དུས།   2022-04-03

    མི་སུ་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཏུ་འཚོ་གནས་བྱེད་དགོས་པས། དེའི་ནང་དོ་སྣང་བྱེད་དགོས་པའི་གནད་ཅིག་ཡོད་པ་ནི། སྤྱི་ཚོགས་ཀྱི་ཁོར་ཡུག་གིས་མི་ཞིག་གི་གཤིས་ཀ་དང་མི་ཚེའི་མདུན་ལམ་ལ་ཤུགས་རྐྱེན་ཐེབས་པ་དེ་རེད། ནར་མ་སོན་པའི་མི་ཞིག་ལ་མཚོན་ན། སྤྱི་ཚོགས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་དགོས་པ་གལ་ཆེ་སྟེ། ཕ་མ་བཟང་པོ་དང་དགེ་རྒན་བཟང་པོ་ཡོད་དགོས་ལ། རང་ཉིད་ཀྱི་ལོ་ཚད་དང་ཁམས་དབང་མོས་པ་དང་མཐུན་པའི་གྲོགས་པོ་བཟང་པོ་ཞིག་ལོས་ཡོད་དགོས།

    གྲོགས་བཟང་བསྟེན་ན་ཡོན་ཏན་ངང་གིས་འཕེལ། །གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འཕེལ། །ཞེས་པ་ལྟར། གྲོགས་བཟང་པོ་ཞིག་གིས་ཡར་འཐེན་དགོས་ན་ལས་སླ་པོ་ཞིག་མིན་མོད། དེ་ལས་ལྡོག་སྟེ། གྲོགས་ངན་པ་ཞིག་གིས་མར་འཐེན་སོང་ན་ལས་སླ་མོ་ཡིན་པ་རེད། དེ་ལྟར་གྲོགས་བཟང་པོ་དྲང་བདེན་ལ་དགའ་ཞིང་། སེམས་པ་བཟང་བ། ཡ་རབས་ལྡན་པ། དཔེ་ཀློག་ལ་མོས་པ་དག་བསྟེན་པ་གལ་ཆེ། རྒྱུ་མཚན་ནི། རང་རེ་ཕལ་ཆེ་བ་གྲོགས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ཅིང་། ལྷག་པར་དུ་གྲོགས་ངན་པ་ཞིག་དང་འགྲོགས་ན་ཁ་ལོ་ངན་པའི་ཕྱོགས་སུ་ཧ་ཅང་འགྱུར་སླ་བ་ཡིན་སྟབས། མི་ཆོས་གནད་ཀྱི་ཕྲེང་བ་ལས་ཀྱང་། གྲོགས་ངན་འགྱོད་པའི་རྩ་བ་ལེགས་པར་ཆོད། །ཅེས་གྲོགས་ངན་པ་དྲང་པོར་མི་སྤྱོད་པ། ཕ་མ་དང་དགེ་རྒན་ལ་གུས་བརྩི་མི་ཤེས་པ། འདུ་འཛིའི་བྱ་བ་ལ་ལྷག་པར་སྤྲོ་བ། སློབ་གཉེར་ལ་ཡེ་མི་དགའ་བ་དག་གི་དབང་དུ་ཚུད་མི་རུང་ཞིང་། གྲོགས་ངན་པ་དེ་རིགས་དང་མཉམ་དུ་འགྲོགས་ཚེ། ཕྱིན་ཆད་བྱ་བ་ཐམས་ཅད་རིམ་པས་ཉེས་ཏེ་མཐར་འགྱོད་པ་སྐྱེ་བའི་གཞི་ཡིན་པར་བསྟན་ཡོད།

    འོ་ན་གྲོགས་ངན་པ་ཞེས་པ་ཅི་འདྲ་ཞིག་ཡིན་ཞེ་ན། དེ་ནི་རང་གི་བྱ་བ་སྒྲུབ་པ་ལ་གནོད་པ་བཟོ་བར་བྱེད་པ་དང་། རང་ཉིད་ཀྱི་བསམ་སྤྱོད་ཇེ་ལོད་དུ་སྒྱུར་བར་བྱེད་པ། རང་གི་སློབ་གཉེར་གྱི་བྱ་བ་རྣམས་ཉམས་པར་བྱེད་པ་དག་རེད། དེ་འདྲའི་གྲོགས་ངན་པ་ལ་གཟབ་དགོས་པ་ལས་མཉམ་དུ་འགྲོགས་མི་རུང་བ་ཡིན། མ་བརྟགས་པ་ལ་བློ་གཏད་བྱེད་པ་མཚང་། །ཞེས་པ་ལྟར། གྲོགས་ངན་པ་ལ་བག་ཟོན་དང་བརྟགས་པས་རིང་དུ་བྱེར་དགོས་པ་ལས་དེ་དག་དང་ཉེ་བར་འགྲོགས་ཏེ་བློ་གཏད་བྱེད་པ་ནི་བླང་དོར་ཕྱིན་ཅི་ལོག་པའི་སྐྱོན་མཚང་དུ་ཤེས་དགོས་པ་ཡིན། ཇི་སྐད་དུ། གྲོགས་བཟང་མཛའ་བོ་རྒུད་ཚེ་སྐྱོང་། ། གྲོགས་ངན་མཛའ་བོ་འབྱོར་ཚེ་འདུ། །ཞེས་པ་ལྟར། གྲོགས་ངན་པ་དག་གིས་དང་པོར་ཁ་ཡག་ཚིག་སྙན་རེ་བཤད་པས། དེ་ཡག་པོ་ཞིག་ཡིན་པར་འཁྲུལ་ཏེ་ཚུར་བསླུས་ནས་རང་ལ་ཡོད་ཚད་སྟེར་དུ་འོང་། དེ་ལྟར་ཕར་བློ་གཏད་བྱས་ཏེ་ཕན་བཏགས་པ་ན། ཞག་གསུམ་ལོན་ནས་རང་མཚང་སྟོན་པ་མང་ཞེས་པ་ལྟར། དུས་ཚོད་རིང་པོ་མི་དགོས་པར་རྗེས་མར་དགོས་པའི་ཉིན་དེར་རང་ཉིད་ཕམ་དུ་འཇུག་པས། དེ་དུས་འགྱོད་པ་སྐྱེ་ཡང་དོན་མེད་པར་གྱུར་ཟིན།

    ཇི་སྐད་དུ། ཁྲེལ་གཞུང་མེད་ལ་གྲོཌ་པོར་བསྟེན་པ་མཚང་། །ཞེས་གདམས་པ་ལྟར། གྲོགས་པོ་ཞེས་པ་མི་ཁྲེལ་ཡོད་དག་བསྟེན་དགོས་པ་ལས། མི་ཁྲེལ་གཞུང་རྒྱུ་དག་མེད་པ་དག་གྲོགས་པོར་བསྟེན་ན་གོང་ལྟར་རང་ཉིད་ཨོའོ་ཙམ་འབྱུང་གིན་ཡོད་དུས་གྲོགས་པོ་ཡིན་མདོག་དང་ཤ་ཚ་མདོག་ལྟ་བུ་བྱེད་པ་ཡིན་མོད། འོན་ཏེ་རང་ལམ་ལ་མི་འགྲོ་བར་དཀའ་བའི་གནས་སུ་ལྷུངས་ནས་ཡོད་སྐབས། དེས་རོགས་དང་ཕན་པ་བྱེད་པ་ཕར་ཞོག ཐ་ན་ཚུར་གནོད་པ་བྱེད་པའང་དྲན་རྒྱུ་ཡོད་པ་རེད། གྲོགས་པོ་བཟང་ངན་དབྱེ་བ་འབྱེད་ཤེས་དགོས་པ་གང་ཞིག ད་རུང་གྲོགས་ངན་པ་དག་བསྟེན་མི་རུང་བ་ཡིན། མ་ཟད་རང་ཡང་རྣམ་ཀུན་ནས་མི་ཁྲེལ་ཡོད་པ་དང་ངོ་ཚ་ཡོད་པ་ཞིག་བྱེད་པ་ལ་འབད་དགོས་པ་ཡིན།

    དེས་ན་གྲོགས་ཤིག་ལ་འགྲོགས་ན། ཀུན་སློང་དང་མོས་པ་མཐུན་པ་དང་། ལམ་དང་དམིགས་ཡུལ་མཐུན་པ། སྤྱོད་པ་དང་བསམ་པ་མཐུན་པ་དག་དང་འགྲོགས་ཤེས་དགོས་པ་ཡིན། དཔེར་ན། དུས་རྒྱུན་དུ་སློབ་གཉེར་ལ་མི་བརྩོན་པ་དང་། འཚོ་བ་སྐྱིད་རྒྱག་སྒྱིད་ལུག་ལ་དགའ་བ། ངལ་རྩོལ་ལ་དགའ་ཞེན་མེད་པ། དྲིན་གཟོའི་བསམ་པས་དབུལ་བ། ཆང་རག་དང་རྒྱན་འཛུགས་ལ་མོས་པ་དག་གིས་ཁྱེད་ཀྱི་མི་ཚེ་དོན་ལྡན་གྱི་ལམ་ལ་འགྲོ་བར་ཕན་པ་ལྟ་ཅི་གནོད་པ་ཧ་ཅང་ཆེ་བ་མཐོང་ཐུབ་པར་དགོས་ལ། ད་དུང་སྒེར་སེམས་ལས་ལྷག་བསམ་མེད་པ་དང་། རང་འདོད་ལས་ཆོག་ཤེས་མེད་པ། རང་གི་ཁེ་ཕན་ལ་བརྔམས་པ་ལས་ལས་འབྲས་ལ་མི་བརྩི་བའི་མི་དག་གིས་ཁྱོད་ལ་ཤུགས་རྐྱེན་ངན་པ་བསམ་ཡུལ་ལས་འདས་པ་འབྱུང་ངེས་པ་ཡིན། དེ་ནི་དཔེར་ན། མི་གསུམ་ཁ་མཐུན་ན། །ར་མ་ཁྱི་རུ་བསྒྱུར། །ཅེས་པའི་གཏམ་རྒྱུད་བཞིན་གྲོགས་ངན་པ་དང་འགྲོགས་ཕྱིན་རང་ཉིད་བཟང་པོ་ཞིག་བྱེད་འདོད་ནའང་རང་ཚུགས་ཟིན་པ་ཧ་ཅང་དཀའ། གྲོགས་པོ་ཕན་ཚུན་མཉམ་དུ་གཤིབ་སྐབས། གྲོགས་པོ་ཉེ་འདོད་ན། སྐྱོན་ལ་མཛུབ་མོ་ཚུགས། ཞེས་པ་ལྟར་བཟང་པོའི་འདུ་ཤེས་ཀྱིས་སྐྱོན་བརྗོད་བྱ་དགོས་པ་ཡིན། འོན་ཏེ་ཚུལ་དེ་ཤེས་དཀའ་ལ། དེ་ལ་ཉན་པ་དེ་བས་དཀའ་བས་རིམ་བཞིན་རང་ཡང་དེའི་དབང་དུ་སོང་ནས་ག་ལེར་གོམས་ཏེ་མི་རུང་བ་ཞིག་ཏུ་བསམས་བཞིན་མ་ཡིན་པར་འགྱུར་འགྲོ་བ་ཡིན། གྲོགས་ངན་པས་དེ་ལྟར་རང་ཉིད་ལས་སླ་མོར་འགྱོད་པའི་ཕྱོགས་སུ་བསྒྱུར་འགྲོ་བས། ཚང་མས་ཡ་རབས་མ་རབས་སྤྱོད་པའི་ཁྱད་ཅེས་པ་ལྟར་ཐོག་མ་ནས་ཞིབ་ཏུ་བརྟག་སྟེ་གྲོགས་ངན་པའི་རིགས་དང་གྱེས་ནས་དེའི་ཤན་མ་ཐེབས་པ་བྱེད་ཤེས་དགོས་པ་ཡིན།

    ལྷག་པར་དུ་ནར་མ་སོན་པའི་དུས་སྐབས་སུ་གྲོགས་ཀྱིས་ཤུགས་རྐྱེན་ཐེབས་ཧ་ཅང་སླ། དཔེར་ན། སློབ་མ་ཞིག་ལ་མཚོན་ན། ཐོག་མར་ཁྱིམ་ནས་ཐོན་དུས་ཕ་མའི་མངག་ཆ་དག་ཡིད་ལ་བཟུང་ནས་ཆོད་སེམས་མི་ཆུང་བ་བཅངས་ཡོད་རུང་། སློབ་གྲྭར་འབྱོར་དུས་སྤྱིར་སློབ་མ་ཕལ་ཆེར་བཟང་པོ་ཡིན་ནའང་སློབ་གྲྭའི་ནང་དུའང་སློབ་མ་ངན་པ་རེ་མི་འབྱུང་བའི་ངེས་པ་ག་ལ་ཡོད། སློབ་མ་ངན་པ་དག་དང་འགྲོགས་ནས་བཟུང་དགོས་པའི་བཟང་སྐྱེད་ཡེ་མེད་པར་མི་དགོས་པའི་ངན་སྐྱེད་ཇེ་འཇགས་ཇེ་འཕེལ་གྱིས། མཐར་སློབ་སྦྱོང་བྱེད་སེམས་ཀུན་བརླགས་པ་དང་མཉམ་དུ་སྤྱོད་པའང་སྡུག་པོ་དག་སྣ་ཟིན་སྤུ་ཟིན་དུ་ཐོན་ནས་ཀུན་གྱི་བརྩི་འཇོག་འཆོར་བ་དང་རང་གི་ཡིད་རྟོན་ཉམས་པ་སོགས་ཀྱི་གནོད་པ་ཆེ་དང་མི་ཆེ་མེད། དེ་ལྟར་སློབ་མས་རང་གི་འཚར་ལོངས་ཀྱི་བརྒྱུད་རིམ་དེ་བྱ་མིག་ཡར་ལྟོས་བྱེད་པ་ཞིག་ཡིན་དགོས་མོད། འཇིག་རྟེན་གྱི་ཁ་དཔེར། ཡར་འཐེན་བརྒྱ་ལས་མར་འཐེན་གཅིག་ཟེར་བ་ལྟར། ཕ་མ་བཟང་པོ་དང་དགེ་རྒན་བཟང་པོ། གྲོགས་བཟང་པོ་དག་གིས་ཡར་ཇེ་བཟང་ལ་ཁ་ལོ་བསྒྱུར་རྒྱུར་ཧ་ཅང་འབད་ནའང་། གྲོགས་ངན་པ་ཞིག་དང་ཕྲད་པ་ནས་བཟུང་། རིང་མིན་ཇེ་སྡུག་ཇེ་ལོད་དུ་གྱུར་ནས་ཁ་ལོ་བསྒྱུར་ཐབས་ཡེ་ནས་མེད་པ་རེད། དེའི་ཕྱིར། གྲོགས་ཀྱི་བཟང་ངན་ལ་བརྟཌ་ནས་གྲོཌ་ངན་པ་རྣམས་ལ་མི་འགྲོགས་པ་དང་གྲོགས་བཟང་པོ་དང་ཡུན་རིང་འགྲོག་རྒྱུ་ཧ་ཅང་གལ་ཆེ།

    དེ་བཞིན་དུ། འཚོ་བ་ནི་སྐྱིད་སྡུག་འདྲེས་མ་ཞིག་ཡིན་ཞིང་། སྐྱིད་སྡུག་འདྲེས་མའི་འཚོ་བའི་ནང་གྲོགས་པོ་སྒྲིག་ཤེས་པ་དགོས་རྒྱུ་ནི་གནད་ཆེན་པོ་ཞིག་རེད། ལྷག་པར་དུ་སྡུག་དུས་མི་ཕན་གྲོགས་ངན་ཁྱི་ལས་ལོད། །ཅེས་པ་ལྟར་རོགས་དང་ཕན་པ་འདོགས་མཁན་གྱི་གྲོགས་པོ་ནི་སྡུག་པོ་དང་དཀའ་ངལ་ཡོད་པའི་སྐབས་སུ་དགོས་པ་ཡིན། འོན་ཏེ་དེང་སང་གི་གྲོགས་པོ་མི་ཉུང་བ་ཞིག་ནི་འདུ་འཛིའི་གྲོགས་པོ་ཡིན་པ་སྟེ། ཁ་དཔེ་ལྟར་ན་ཤ་ཆང་གི་གྲོགས་པོ་ཟེར་བ་དེ་ཡིན་པར་སྣང་། དོན་དངོས་སུ་མི་ཚེ་ནི་ལོ་བཅུ་ཕྲག་ཁ་ཤས་ལས་མ་འདས་ཤིང་། དེའི་ནང་སྡུག་པོའི་སེམས་ལས་ཀྱི་དབང་དུ་མི་ཚེ་དོན་དང་ལྡན་པར་འགྱུར་བ་ནི་དཀའ་བའི་ཚད་དུ་སྣང་ན། ད་ནི་ཅུང་ཟད་དབུགས་ངལ་གསོ་ཞིང་ཁོམ་པ་རྙེད་པའི་དུས་སྐབས་སུ་འདུ་འཛིའི་འཚོ་བ་དང་ཤ་ཆང་གི་འདུས་གྲོགས་ལ་སེམས་མི་ཆགས་པར་རང་གཅུན་རེ་བྱ་བ་གལ་ཆེ་ཞིང་། ལྷག་པར་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་པའི་ན་གཞོན་ཞིག་ལ་མཚོན་ན། མི་དམངས་ལ་ཞབས་འདེགས་རྨ་མེད་ཞིག་ཞུ་བ་ལ། གྲོགས་དང་འགྲོགས་ལུགས་འདི་གནད་ཧ་ཅང་ཆེན་པོ་ཞིག་རེད་སྙམ། རྒྱུ་མཚན་ནི་དུས་རྟག་ཏུ་འདུ་འཛིའི་གྲོགས་པོ་རེ་དང་ཤ་ཆང་གི་གྲོགས་པོ་དག་དང་འགྲོགས་པ་ལས་རང་འཁྲིའི་ལས་ཀ་ལ་ཤུགས་རྐྱེན་མི་ཆུང་བ་ཞིག་བྱུང་དང་འབྱུང་གིན་ཡོད་པ་མ་ཟད། ཐ་ན་རང་འཁྲིའི་ལས་ཀ་ནར་འགྱངས་དང་འཐུས་ཤོར་དུ་འགྲོ་བའང་ཡོད་པ་རེད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རེ་བ་དང་མཐུན་པ་ཞིག་མིན་ལ། ལས་རྒྱུ་འབྲས་དང་ཡང་མཐུན་ཐབས་ཡོད་པ་ཞིག་མིན། ཐ་ན་ལེགས་པར་བསམས་ན་རང་གི་འདོད་པ་དང་ཡང་མཐུན་པ་ཞིག་ཡེ་ནས་མིན། དེར་བརྟེན། ང་ཚོ་ཤེས་ཡོན་པའི་སྡེས་མིའི་རིགས་ཀྱི་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་ན། རང་ཉིད་ཀྱི་འཚོ་བའི་ནང་གྲོགས་དང་འགྲོགས་ལུགས་ཚུན་ཆད་ཚུལ་མཐུན་ལུགས་མཐུན་དང་ཀུན་གྱིས་མིག་དཔེ་ལྟ་ས་ཞིག་འབྱུང་བར་བརྩོན་ལེན་བྱེད་ཤེས་པ་དགོས་པ་ནི་གནད་ཆེན་པོ་ཞིག་ཏུ་མཐོང་།

    རྒྱ་གླིང་ཁ་ནས་དུང་སྐད་སྒྲོག་འདོད་མིན། །བེའུའི་ཤེད་ཀྱིས་རྟ་ཁལ་འཁུར་འདོད་མིན། །རང་སོའི་གཤིས་ལ་བག་ཆགས་ཅུང་ཟད་ཙམ། །འབྱུང་ན་སྙམ་པ་བྱ་ཡི་མིག་ལྟོས་ལགས། ། 

    (རྩོམ་པ་པོ་ནི་ལྷོ་ཁ་མཐོ་འབྲིང་གཉིས་པའི་བོད་ཡིག་སློབ་དཔྱོད་ཙུའུ་ཡི་དགེ་རྒན་ཡིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།