[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-14

    རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་གང་ཞིག་མི་རིགས་ས་ཁུལ་ནི་ས་ཁམས་དང་རིག་གནས་སོགས་ཀྱིས་རྐྱེན་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་ནང་སའི་ཁུལ་དང་བསྡུར་ན་ཧེ་བག་ངེས་ཅན་ཡོད། དེས་ན། མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་བརྒྱབ་ཚེ། དེས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་འགྲོ་བ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ཡར་ཐོན་ཡོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་ཕན་པ་ཐོན་ངེས་རེད། དེས་ན། གུས་མོས་ལོ་མང་རིང་སློབ་གསོའི་ལས་དོན་གྱི་བགྱི་བ་དང་དུ་བླངས་པའི་མྱོང་ཚོར་ལ་བརྟེན་ནས་མི་རིགས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་ཅུང་ཟད་གླེང་བར་འདོད་དོ།

    ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་རང་རྒྱལ་གྱིས་སྔ་ཕྱིར་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་སྒྲ་སྦྱོར་མ་ལག་གཏན་འཁེལ་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རྩ་ཁྲིམས་ནང་རྒྱལ་ཡོངས་སུ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་གཏན་འཁེལ་བྱས་པ་ལས་སྤྱི་སྤྱོད་སྐད་ཡིག་འདི་ཉིད་ལ་ཁྲིམས་ལུགས་ཀྱི་གནས་བབ་ཐོག་མར་གཏན་འཁེལ་བྱུང་། དེ་ནས་བཟུང་རྩ་ཁྲིམས་དང་ཁྲིམས་སྲོལ་ཁག་གི་ནང་དུ་བསྟུད་མར་རང་རྒྱལ་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དབང་ཆ་དང་འོས་འགན་གྱི་ཞིབ་ཕྲའི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཡོངས་སུ་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་གཏོང་རྒྱུའི་ཚད་ལྡན་གྱི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། དེས་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུ་ནི་ཀྲུང་གོའི་སྤྱི་དམངས་ཡོངས་ལ་ལྡན་པའི་དབང་ཆ་དང་འཁུར་དགོས་པའི་འོས་འགན་ཡང་ཡིན། དེ་དང་དུས་མཚུངས་གྲངས་ཉུང་མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འགལ་བ་གང་ཡང་མེད་པར་ཚང་མར་རྒྱལ་ཁབ་ཀྱིས་ཁྲིམས་ལུགས་ལ་བརྟེན་ནས་སྲུང་སྐྱོང་བྱེད་བཞིན་ཡོད།

    གཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་བརྒྱབ་ན་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཐུབ།

    དེ་ཡང་མི་རིགས་སོ་སོའི་སྐད་ཡིག་ནང་ཡུལ་དུས་མི་འདྲ་བའི་རིག་གནས་དང་མེས་པོ་ཚོའི་བློ་གྲོས་དང་ལོ་རྒྱུས་ཀྱི་ཉམས་མྱོང་འདུས་ཡོད། མི་རིགས་ཁག་གིས་སྐད་རིགས་མི་འདྲ་བར་བརྟེན་ནས་ཐུན་མོང་ཐོག་རང་རྒྱལ་གྱི་མཚར་སྡུག་ལྡན་པའི་ལོ་རྒྱུས་དང་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་དཔལ་ཡོན་བཏོད་ཡོད་ལ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱང་བཏོད་ཡོད། དེར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་ཟླ་བདུན་པར་བོད་དུ་ཕེབས་ནས་ལས་དོན་ལ་གཟིགས་ཞིབ་གནང་སྐབས། བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་ལ། བོད་ལྗོངས་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་པས། བོད་རིགས་དང་མི་རིགས་གཞན་དབར་གྱི་འབྲེལ་འདྲིས་ནི་བོད་ཀྱི་ལོ་རྒྱུས་གོང་འཕེལ་གྱི་སྔ་ཕྱི་བར་གསུམ་དུ་ཁྱབ་ཡོད་ཅེས་མཛུབ་སྟོན་གནང་བ་དེ་ལས་བོད་ཀྱི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་ལོ་རྒྱུས་ཤིག་ཡིན་པ་གསལ་པོར་རྟོགས་ཐུབ། དེར་བརྟེན་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་བརྒྱབ་ན་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་འགྲོ་བ་དང་། མི་རིགས་ཁག་དབར་གྱི་མོས་སེམས་ཆེ་རུ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་སེ་འབྲུའི་རྡོག་པོ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ནས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་ཐོག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ། མིག་སྔར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆ་འཕྲིན་མང་དག་ཅིག་སྤྱི་སྤྱོད་སྐད་ཡིག་བརྒྱུད་ནས་རྒྱུས་ལོན་བྱེད་དགོས་ལ། མི་དང་མིའི་དབར་གྱི་རྒྱུན་གཏན་གྱི་འབྲེལ་འདྲིས་མང་དག་ཅིག་ཀྱང་སྤྱི་སྤྱོད་སྐད་ཡིག་མ་བརྒྱུད་ན་ཡོང་ཐབས་མེད་པ་ཞིག་ཡིན་ཙ་ན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་མིན་དེ་མི་ཞིག་གི་སྤྱིའི་བྱང་ཚད་ལ་དཔྱད་དཔོག་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་གོང་མཐོར་ཕྱིན་ན་རང་ཉིད་ཀྱི་འཕེལ་རྒྱས་ཁོར་ཡུག་དང་གོ་སྐབས་ཀྱང་དེ་བས་རྒྱ་ཆེར་འགྲོ་ངེས་རེད། རང་རྒྱལ་གྱི་མི་རིགས་ས་ཁུལ་ངོས་ནས་བརྗོད་ན། རང་ས་ཁུལ་གྱི་གོང་འཕེལ་མྱུར་ཚད་དང་གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཚེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཆུབ་པའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་པ་ནི་ཨ་ཅང་བརྗོད་མེད་ཅིག་གོ །

    གཉིས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད།

    ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་སྙིང་དོན་ནི་མི་རིགས་ཁག་གི་མང་ཚོགས་ཚོའི“མོས་སེམས་ལྔ”ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ང་ཚོ་ཀྲུང་ཧྭའི་བུ་ཕྲུག་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་བའི་ལས་འགན་དང་དུ་ལེན་དགོས་པ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་སེམས། སྐད་ཡིག་ནི་རིག་གནས་རྒྱུན་འཛིན་དང་རིག་གནས་གསར་གཏོད་ཀྱི་ལག་ཆ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་ཆེས་མཚར་སྡུག་ལྡན་པའི་རིག་གནས་དཔལ་ཡོན་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན། དེ་ལས་ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཀྲུང་ཧྭ་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ནང་རང་ཉིད་ཀྱི་འཚོ་གནས་ལ་འཕྲད་པའི་དཀའ་ངལ་གདོང་ལེན་བྱས་པའི་ལམ་ལུགས་ཀྱི་རིན་ཐང་དང་ཐུན་མོང་གི་བསམ་བློ་མཚོན་པ་ཞིག་ཡིན་པ་རྟོགས་ཐུབ། དེར་བརྟེན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱ་གཞག་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རིག་གནས་རྨང་གཞི་སྲ་བརྟན་དུ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན། དེས་མི་རིགས་ཁག་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང་བསམ་བློ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་དཔལ་ཡོན་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་ཆོད་སེམས་བརྟན་དུ་གཏོང་ཐུབ།

    གསུམ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་འགན་སྲུང་ནུས་ལྡན་ཞིག་རེད།

    ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་གཞི་རྩའི་བྱ་ཐབས་ནི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་རྒྱ་ཆེར་གཏོང་བ་དང་ཕྱོགས་ཡོངས་ནས་འབྲེལ་འདྲིས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལོ་རྒྱུས་སུ་གྲུབ་པའི་མི་རིགས་དང་མི་རིགས་དབར་གྱི་མཛའ་བརྩེའི་འབྲེལ་བ་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ནང་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། དེ་ཡང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འདི་ཉིད་མི་རིགས་ཁག་གི་ཁྲོད་དུ་ཁྱབ་གདལ་འགྲོ་ཤུགས་སྔར་བས་ཆེ་རུ་འགྲོ་བ་དང་བསྟུན་ནས། སྔར་གྱི་མི་རིགས་རྐྱང་པ་འཚོ་སྡོད་ཁུལ་དེ་དག་རིམ་བཞིན་མི་རིགས་མང་པོ་འདུས་སྡོད་ཀྱི་ཐུན་མོང་ཁྱིམ་གཞིས་སུ་གྱུར་དང་འགྱུར་མུས་སུ་མཆིས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཀྱང་དེ་དང་བསྟུན་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་བློ་ངོར་བརྟན་པོར་འཇགས་ནས་ནམ་ཡང་ནུབ་པ་མེད་པའི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་གྱུར་བཞིན་ཡོད། མ་འོངས་པར་ཏང་དང་སྲིད་གཞུང་གི་མི་རིགས་ལས་དོན་ཁྲོད་མུ་མཐུད་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་ལ་མཐོང་ཆེན་གྱིས་དོན་དངོས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་ནུས་པ་འགན་སྲུང་ཐུབ་པར་བྱེད་དགོས།

    མདོར་ན། སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས། རང་ཉིད་ནས་འགོ་བརྩམས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཆུབ་པར་སྦྱངས་ཕྱིན་ཀྲུང་ཧྭའི་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་ལོན་ཐུབ་པ་མ་ཟད། ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ནས་ཚོང་གཉེར་དང་། སློབ་སྦྱོང་། ལས་ཞུགས་སོགས་ཀྱི་གོ་སྐབས་དེ་བས་མང་བ་ཡོང་རྒྱུ་གདོན་མི་ཟ། དེས་ན། ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་བཏང་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ནུས་པ་གལ་ཆེན་འདོན་དགོས་པར་སེམས་སོ།

    (བོད་ལྗོངས་ནང་བསྟན་སློབ་ཆེན། བསོད་ནམས་ཆོས་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།