[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཕྲུ་གུར་གོམས་གཤིས་བཟང་པོ་ཇི་ལྟར་འཇགས་ཐབས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-24

    བྱིས་དུས་ནི་ཕྲུ་གུར་གོམས་གཤིས་འཇགས་པའི་གལ་ཆེའི་དུས་རིམ་ཞིག་ཡིན་ཞིང་། དུས་སྐབས་དེའི་རིང་གི་བྱིས་པ་ནི་ལད་ཟློས་བྱེད་རྒྱུར་དགའ་བས། ཁོ་ཚོར་ལད་མོ་བྱེད་སའི་ཁོར་ཡུག་བཟང་པོ་མཚམས་སྦྱོར་བྱེད་དགོས། ཕ་མས་ཕྲུ་གུར་སློབ་གསོ་གཏོང་དུས་ངེས་པར་དུ་ནུས་ལྡན་གྱི་བྱ་ཐབས་སྤྱོད་པ་ལས། ཉེས་རྡུང་གཏོང་བ་དང་། ཚིག་རྩུབ་སྨྲ་བ་སོགས་ཀྱི་སྟབས་བདེའི་བྱ་ཐབས་སྤྱད་དེ། ཕྲུ་གུའི་གོམས་གཤིས་ངན་པ་འགོག་ཐབས་བྱེད་པ་ནི་གཡག་ཞ་རས་རྩྭ་ཟ་བའི་ངང་ཚུལ་རང་རེད། ཕྲུ་གུར་གོམས་གཤིས་བཟང་པོ་འཇགས་པ་བྱེད་རྒྱུ་ནི་དུས་ཐུང་ནང་བྱ་དངོས་རེ་གཉིས་ལ་བརྟེན་ནས་སྒྲུབ་ཐུབ་པ་ཞིག་མ་ཡིན་པར། དེ་ནི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཆུང་ཙག་རེ་རེ་ནས་འགོ་བཙུགས་ཏེ་ཤོག་བུ་སྣུམ་ཟོས་ལྟར་གོམས་གཤིས་གསོ་སྐྱོང་བྱ་དགོས། རང་རྒྱལ་གྱི་སློབ་གསོ་མཁས་ཅན་སྐུ་ཞབས་ཁྲེན་ཧའེ་ཆིན་གྱིས། “གོམས་གཤིས་བཟང་པོ་འཇགས་ན་ཚེ་གང་ཕན་པར་འགྱུར། གོམས་གཤིས་ངན་པ་འཇགས་ན་ཚེ་གང་ངལ་བའི་རྒྱུ”ཞེས་གསུངས་པ་ལྟར། ང་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་གི་ལམ་ནས་ཕྲུ་གུར་གོམས་གཤིས་བཟང་པོ་འཇགས་ཐབས་ལ་འབད་དགོས། འོ་ན་ཕྲུ་གུར་གོམས་གཤིས་བཟང་པོ་འཇགས་ཐབས་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    གཅིག ཕྲུ་གུར་འཚོ་བའི་ཁྲོད་ནས་གོམས་གཤིས་བཟང་པོ་འཇགས་ཐབས་བྱེད་དགོས།

    “ཟ་ལུགས་སྡོད་ལུགས་འགྲོ་ལུགས་གསུམ། དྲིན་ཅན་ཕ་མའི་བསླབ་བྱ་ཡིན”ཞེས་བརྗོད་པ་ལྟར། ཕ་མས་བྱ་དངོས་ཆུང་ཙག་ནས་འགོ་བཙུགས་ཏེ་ཕྲུ་གུར་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས་ཏེ། ཆུ་དང་གློག་ལ་གྲོན་ཆུང་ཇི་ལྟར་བྱེད་ཚུལ་དང་། གང་བྱུང་དུ་དངུལ་མི་གཏོར་བ། ཟས་རིགས་ལ་གདམ་ག་མི་བྱེད་པ། རྒན་རབས་ལ་གུས་ཞབས་དང་ཆུང་བར་གཅེས་སྐྱོང་བྱེད་པ་སོགས་ཀྱི་སྤྱོད་ལམ་ལ་བརྟེན་ནས། ཕྲུ་གུར་དཀའ་སྤྱད་བབ་ཆགས་དང་གྲོན་ཆུང་བསྲི་ཚགས་ཀྱི་བསམ་པའི་འདུ་ཤེས་གཙང་མ་འཛུགས་ཐུབ་པ་བྱེད་པ་དང་། དགོང་མོ་དུས་ཐོག་ཏུ་ཉལ་བ་དང་། ཞོགས་པ་དུས་ཐོག་ཏུ་ལངས་བ། རྣམ་ཀུན་སྦྱོང་གཞི་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་པ། ལུས་པོར་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ལ་བརྟེན་ནས་ཕྲུ་གུས་དུས་ཚོད་ཀྱི་གལ་ཆེའི་རང་བཞིན་རྟོགས་ཐུབ་པ་དང་། སྤྱི་པའི་སྒྲིག་ལམ་ལ་སྲུང་བརྩི་ཇི་ལྟར་ཞུ་བ་དང་། སྒེར་དང་སྤྱི་པའི་གཙང་སྦྲར་དང་དོད་ཇི་ལྟར་བྱེད་པ་སོགས་ནས་འགོ་བརྩམས་ཏེ་སྤྱི་ཕན་གྱི་བྱ་བཞག་གྲུབ་པའི་བསམ་པའི་ཀུན་སྤྱོད་བཟང་པོ་འཛུགས་ཐུབ་པ་བྱེད་དགོས་པ་དང་། གཞན་སྐུལ་གྱི་བསམ་པ་ནས་རང་འགུལ་གྱི་བསམ་པར་འགྱུར་ལྡོག་གཏོང་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེའོ།

    གཉིས། ཕྲུ་གུར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཐབས་བྱེད་དགོས།

    བྱིས་པའི་སློབ་གསོ་མཁས་ཅན་སི་ཐེ་ནཱ་ཡིས། “ཕྲུ་གུར་སྔོན་ལ་བློ་རྩེ་གཅིག་ཏུ་སྒྲིམ་པའི་གོམས་གཤིས་འཇགས་ན། གཞི་ནས་ཕུགས་ལ་རང་གི་བྱ་གཞག་ལ་ལུས་སེམས་གཉིས་ཀ་ཞུགས་ཐུབ་ནས། བྱ་བ་གཞན་གྱིས་འགོག་རྐྱེན་བཟོ་མི་ཐུབ”ཅེས་གསུངས་པ་དང་། རང་ཅག་གི་ཁ་དཔེར། ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཅེས་བརྗོད་པ་ལྟར། ཕྲུ་གུར་ཆུང་དུས་ནས་སློབ་སྦྱོང་བྱེད་སྐབས་བློ་རྩེ་གཅིག་སྒྲིམ་གྱི་གལ་ཆེའི་རང་བཞིན་བརྗོད་དེ། ཕྲུ་གུས་སློབ་སྦྱོང་བྱེད་དུས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་པའི་གོམས་གཤིས་གསོ་སྐྱོང་བྱེད་དགོས། དེ་བཞིན་ཁྱིམ་བདག་གིས་རྣམ་པ་སྣ་ཚོགས་དང་ཐབས་བརྒྱ་ཇུས་སྟོང་གིས་ཕྲུ་གུའི་སློབ་སྦྱོང་ལ་ཐབས་ལམ་བཟང་པོ་བཏོད་ནས། ཕྲུ་གུས་སྐད་ཆ་མང་ཙམ་དྲིས་ནས་རང་རྐྱ་འཕེར་བའི་སྒོ་ནས་བསམ་གཞིག་བྱེད་རྒྱུར་སྐུལ་འདེད་གཏོང་ཐུབ་ན། ཕྲུ་གུས་དེ་སྔ་གོ་ཐོས་མེད་པའི་གནད་དོན་མང་པོ་གསར་དུ་རྟོགས་ཐུབ་ལ། ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་ཡང་རིམ་གྱིས་འཕེལ་ཐུབ། གཞན་ཡང་། ཕྲུ་གུར་ཕན་པ་ཡོད་པའི་སློབ་ཕྱིའི་ཀློག་དེབ་མང་ཙམ་ལྟ་ཀློག་བྱེད་དུ་བཅུག་སྟེ་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་ཐབས་ལ་འབད་དགོས།

    གསུམ། ཕྲུ་གུར་གཞན་དང་འབྲེལ་འདྲིས་བྱེད་པའི་གོམས་གཤིས་བཟང་པོ་འཇགས་ཐབས་བྱེད་དགོས།

    ཕྲུ་གུས་མི་གཞན་དང་འབྲེལ་འདྲིས་བྱ་ཐབས་སྣ་ཚོགས་ཡོད་མོད། དེ་དག་ལས་གལ་འགངས་ཆེས་ཆེ་བ་ནི་སྐད་ཆ་རེད། རྒྱུ་མཚན་ནི་སྐད་ཆ་ནི་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས་སོ། མཚན་ཉིད་རིག་པ་མཁས་ཅན་ཕེ་ཀེན་གྱིས། “སྐད་ཆའི་ཐོག་ནས་འབྲེལ་འདྲིས་བྱེད་སྐབས་ཤོད་ཡུལ་གྱི་དབྱེ་བ་གསལ་པོ་འབྱེད་ཐུབ་པ་དགོས་ཏེ། གཅིག་ནས་ཁ་རི་ཁ་ཐུག་ཡིན་པ་ལ། གཉིས་ནས་གུས་ལུགས་མི་ཤོར་བ་བྱེད་དགོས། དེ་ནི་དཀའ་ལ་ལེགས་པའི་བྱ་ཐབས་ཤིག་རེད”ཅེས་གསུངས་པའི་བཀའ་མོལ་དེའི་ཐོག་ནས། གཞན་དང་འབྲེལ་འདྲིས་བྱེད་སྐབས། སྐད་ཆའི་སྒྱུ་རྩལ་ལ་དོ་སྣང་དང་དང་དོད་བྱས་ན། ཕ་རོལ་པོ་དང་དེ་བས་འགྲོག་བདེ་གཤིབ་བདེ་ཡོང་བ་ར་སྤྲོད་ཐུབ། དེས་ན། ཕྲུ་གུར་ཆུང་དུས་ནས་གཅེས་སྐད་དང་བཙོག་གཏམ། རྫུན་གཏམ་སོགས་ཤོད་པའི་གོམས་གཤིས་མི་འཇགས་པ་བྱེད་རྒྱུ་གཙོ་བོར་བཟུང་སྟེ་ཡ་རབས་གུས་ཞབས་ཀྱི་སྐད་ཆ་ཤོད་རྒྱུར་སྦྱོང་བརྡར་དང་། སྐད་ཆ་ཤོད་དུས་གཏམ་རྙོག་ཉུང་ཞིང་ཚིག་བརྡ་གསལ་བ། བཤད་པའི་སྐད་ཆ་སྐད་གདངས་སྙན་ལ་ཉམས་འགྱུར་ལྡན་པ་སོགས་ཡོང་རྒྱུར་འབད་ན། ད་གཟོད་ཕྲུ་གུ་ས་ཕྱོགས་གང་དུ་སོང་ཡང་མི་དང་འབྲེལ་འདྲིས་བྱེད་སླ་བ་མ་ཟད། མི་ཚང་མའི་དགའ་མགུ་ཡི་རངས་ཐོབ་ངེས་རེད།

    བཞི། ཕྲུ་གུའི་གོམས་གཤིས་ངན་པ་དག་དོར་ཐབས་ལ་འབད་དགོས།

    དེང་སྐབས་ཀྱི་ཕྲུ་གུ་ཕལ་མོ་ཆེ་ནི་ཕ་མ་གཉིས་ཀྱི་གཅེས་ཕྲུག་བྱས་ཏེ་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས། ཕྲུ་གུ་དེ་དག་གི་ལུས་ལ་གོམས་གཤིས་ངན་པ་མང་པོ་ཞིག་གནས་ཡོད་པ་ནི་སྨོས་མེད་རེད། འོ་ན་དེ་དག་ཇི་ལྟར་བཅོས་དགོས་སམ་ཞེ་ན། ཕྲུ་གུར་ཚོད་འཛིན་གྱི་འདུ་ཤེས་སྐྱེས་ཐུབ་པ་དང་། རང་གཅུན་རང་འདོམས་ཀྱི་བསམ་བློ་སྐྱེད་སྲིང་ཐུབ་པ་བྱེད་དགོས། མཚན་ཉིད་རིག་པ་མཁས་ཅན་ཧེ་ཀེར་གྱིས། “རང་གི་རང་ལ་ཚོད་འཛིན་ལེགས་པོ་ཐུབ་མཁན་གྱི་མི་དེར། གཞི་ནས་ལེགས་གྲུབ་ཐུབ་པའི་རེ་བ་ཡོད”ཅེས་གསུངས་པ་བཞིན། བརྙན་འཕྲིན་དང་དྲ་བར་དབྱིངས་ཞུགས་པའི་ཕྲུ་གུ་ལྟ་བུར་མཚོན་ན། ཁོ་ཚོ་གནས་བབ་དེ་ལྟར་དུ་ལྷུང་དོན་ལ་ཕྱི་རྐྱེན་དང་ནང་རྐྱེན་མང་པོ་ཡོད་ངེས། གཙོ་བོ་ནི་ཕ་མས་གོམས་གཤིས་ངན་པ་ཇི་ལྟར་བཅོས་ཐབས་ལ་མནོ་བསམ་མང་ཙམ་གཏོང་བ་ལས། སྔོན་བྱས་ལ་ལེ་ཁག་དཀྲི་བ་དང་ཚིག་ངན་སྨྲ་བ། ཕྲུ་གུར་ཡིད་རྟོན་མེད་པའི་གཏམ་སྨྲ་བ་སོགས་རྩ་བ་ནས་བྱེད་མི་རུང་། དེ་ལས་ལྡོག་སྟེ་ཕ་མའི་བྱམས་སེམས་དང་བརྩེ་བ་མངོན་ཐབས་ཀྱིས་ཁོ་ཚོར་བརྙན་འཕྲིན་བལྟ་བ་དང་དྲ་བར་ཞུགས་པ་སོགས་ལ་དུས་ཚོད་ཀྱི་ཚད་བཀག་རང་བཞིན་ཤུགས་ཆེར་གཏོང་བ་དང་ཆབས་ཅིག རང་སེམས་རང་གིས་གཅུན་རྒྱུར་སྐུལ་མ་ཡང་ཡང་གཏོང་བ་སོགས་ནུས་ལྡན་གྱི་བྱ་ཐབས་སྤྱོད་གལ་ཆེ།

    མདོར་ན། གཏམ་དཔེར། “མི་བཟང་དགོས་ན་ཆུང་ནས་གསོ། རྟ་བཟང་དགོས་ན་རྟེའུ་ནས་གསོ”ཞེས་བརྗོད་པ་ལྟར། མི་ཞིག་ནར་སོན་རྗེས་ཀྱི་གཤིས་ཀ་དང་གོམས་གཤིས་ནི་ཆུང་བྱིས་པའི་དུས་ཀྱི་གསོ་སྐྱོང་དང་སྦྱོང་བརྡར་ལ་རག་ལུས་ཡོད་པ་ནི་ཀུན་གྱི་མཁྱེན་ཆོས་འབའ་ཞིག་ཡིན། དེར་བརྟེན། ཕ་མ་སུ་དང་གང་ལའང་གཤིས་སྤྱོད་གཉིས་ལྡན་གྱི་ཕྲུ་གུ་ཞིག་བྱུང་ན་སྙམ་པ་མ་གཏོགས་རང་ཕྲུག་ཐ་ཤལ་དུ་གྱུར་འདོད་ཀྱི་ཕ་མ་གཅིག་ཀྱང་མེད་པས་ན། བྱམས་ལྡན་གྱི་ཕ་མ་རྣམས་ཀྱིས་ཕྲུ་གུ་ཆུང་དུས་ནས་གཅེས་ལངས་སུ་མི་གཏོང་བར་གཤིས་སྤྱོད་བཟང་ལ་གོམས་གཤིས་ཡག་པའི་ཕྲུ་གུ་ཞིག་གསོ་སྐྱོང་གནང་རྒྱུར་ལུས་སེམས་གཉིས་ནས་འབད་པར་འཚལ་ལོ།

    (འཕྱོངས་རྒྱས་རྫོང་རྒྱལ་སྨན་སློབ་ཆུང་གི་དགེ་རྒན་བློ་བཟང་རྡོ་རྗེ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།