[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་འབྲིང་གི་ལུས་རྩལ་སློབ་ཁྲིད་ལ་ལུས་རྩལ་རོལ་རྩེད་བྱེད་སྒོ་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་གལ་འགངས་ལས་འཕྲོས་པའི་བསམ་གཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-17

    ལུས་རྩལ་སློབ་ཁྲིད་སྐབས་ཀྱི་རོལ་རྩེད་བྱེད་སྒོ་ནི་ལུས་རྩལ་སློབ་ཁྲིད་ཀྱི་འགུལ་ཤུགས་ཤིག་དང་ལུས་རྩལ་སློབ་ཁྲིད་ཀྱི་ཕན་ནུས་ཐད་ཀར་མངོན་ཐུབ་པའི་གྲུབ་ཆ་གལ་ཆེན་ཞིག་རེད། དེས་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་པ་མ་ཟད། ལུས་སྦྱོང་གི་སྤྲོ་སྣང་འཕེལ་ཞིང་སློབ་སྦྱོང་གི་སྦྱངས་འབྲས་ལེགས་སུ་འགྲོ་བར་སྐུལ་འདེད་ངེས་ཅན་ཞིག་ཐེབས་ཀྱི་ཡོད། ལྷག་དོན་དུ་དེས་སློབ་གྲྭའི་རིག་རྩལ་བྱེད་སྒོ་ཁག་ལ་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་པ་མ་ཟད། སློབ་གྲྭའི་རིག་གནས་འཚོ་བ་གསོན་ཉམས་དོད་ཅིང་འཁྲུག་ཆ་དོད་པོ་ཞིག་ཡོང་ཐུབ། སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད་སློབ་གྲྭ་མི་ཉུང་བས་ལུས་རྩལ་སློབ་ཁྲིད་ཀྱི་བསྒྱུར་བཅོས་བྱེད་ཐབས་ཧ་ཅང་མང་པོ་བཏོན་ཡོད་ལ། ལུས་རྩལ་སློབ་ཁྲིད་ལའང་བླང་བྱ་གསར་པ་མང་པོ་བཏོན་ཡོད་པས། ལུས་རྩལ་རོལ་རྩེད་བྱེད་སྒོ་དེ་བས་མང་བ་ལུས་རྩལ་སློབ་ཁྲིད་ལ་བེད་སྤྱོད་ཐུབ་པ་དགོས་ཀྱི་ཡོད། དེར་བརྟེན། ང་ཚོས་ལུས་རྩལ་སློབ་ཁྲིད་སྐབས་མཆོང་རྒྱུག་འཕེན་གསུམ་གྱི་རྨང་གཞིའི་ལུས་སྦྱོང་ལ་མཐོང་ཆེན་བྱེད་པ་ཙམ་མ་ཟད། ཡང་སྒོས་སྣ་མང་ཕུན་སུམ་ཚོགས་ཤིང་སློབ་མའི་ལོ་ཚོད་དང་འཚམ་པའི་དོན་སྙིང་ལྡན་པའི་ལུས་རྩལ་རོལ་རྩེད་ཀྱི་བྱེད་སྒོ་གང་ལེགས་བཀོད་སྒྲིག་བྱེད་པ་ནི་ལུས་རྩལ་དགེ་རྒན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད།

    དང་པོ། ལུས་རྩལ་སློབ་ཁྲིད་ཀྱི་རོལ་རྩེད་བྱེད་སྒོའི་གལ་ཆེའི་རང་བཞིན།

    སློབ་འབྲིང་གི་དུས་རིམ་ནི་སློབ་མའི་སློབ་སྦྱོང་ལ་དཀའ་ངལ་ཆེ་བའི་དུས་མཚམས་ཤིག་ཡིན་པས། སློབ་མའི་སེམས་ཁམས་ལ་ཕོག་དུག་འགྲོ་སླ་ལ་སེམས་སྦུག་དོག་པོར་གྱུར་ནས་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤན་ངན་པ་བཟོ་ཡི་ཡོད། དེར་བརྟེན་ང་ཚོས་དུས་མཚམས་དེར་ལུས་རྩལ་སློབ་ཁྲིད་བཀོད་སྒྲིག་ལེགས་པོ་དང་ལུས་རྩལ་སློབ་ཁྲིད་ཀྱི་རོལ་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་སློབ་མའི་ལུས་སེམས་ཀྱི་དཀའ་ངལ་ལྷོད་དུ་གཏོང་བ་དང་། ལུས་རྩལ་རོལ་རྩེད་གྱི་སྤྲོ་སྣང་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་ཁོར་ཡུག་དེ་གསོན་ཤུགས་ཀྱིས་ཁེངས་ལ་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་པར་བྱས་ཏེ་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་རམ་འདེགས་བྱེད་དགོས། དུམ་རིམ་འདིའི་ནང་སློབ་མ་རྣམས་ཀྱི་ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་པའི་སྒང་ཡིན་ཙང་། ཚན་རིག་དང་མཐུན་ཞིང་སློབ་མའི་ལུས་སེམས་འཚར་ལོངས་དང་འཚམ་པའི་ལུས་རྩལ་རོལ་རྩེད་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱེད་པར་མཐོང་ཆེན་བྱེད་དགོས། རོལ་རྩེད་ནི་སྤྲོ་སྣང་ཆེ་ཤོས་ཡིན་ལ། སེམས་ངལ་སེལ་བའི་སྨན་མཆོག་ལྟ་བུ་ཞིག་ཀྱང་ཡིན་ན། དེས་སློབ་མའི་སྤྲོ་སྣང་འཕེལ་བ་ཙམ་མ་ཟད། སྒོས་སུ་དགེ་སློབ་དབར་གྱི་མཉམ་ལས་ཀྱི་ཡིད་ཆེས་དང་སེམས་ཤུགས་འཕེལ་བ་མ་ཟད། མཐུན་སྒྲིལ་དང་སྤེལ་རེས་ཟབ་ཏུ་འགྲོ་བ་དང་། མངོན་གསལ་མེད་པར་སློབ་མའི་སློབ་སྦྱོང་གི་ལས་ཕྱོད་ཆེ་རུ་འགྲོ་ངེས་ཡིན་པས། ལུས་རྩལ་སློབ་ཚན་སྐབས་སུ་རོལ་རྩེད་བྱེད་སྒོ་འོས་འཚམ་བཀོད་སྒྲིག་བྱེད་པ་གལ་འགངས་ཤིན་ཏུ་ཆེ་བར་མཐོང་།

    གཉིས་པ། ལུས་རྩལ་སློབ་ཁྲིད་ལ་རོལ་རྩེད་བྱེད་སྒོའི་ནང་དོན་དང་དམིགས་ཡུལ་གསལ་པོ་དགོས།

    ལུས་རྩལ་སློབ་ཁྲིད་ཀྱི་རོལ་རྩེད་བྱེད་སྒོའི་ནང་དོན་གྲ་རྒྱས་ལ་སློབ་མའི་སེམས་ཁམས་དང་མཐུན་དགོས་ཤིང་། སློབ་ཁྲིད་དངོས་སུ་མ་བྱས་གོང་གྲ་སྒྲིག་འཐུས་ཚང་དང་། བསམ་གཞིག་འཐུས་ཚང་། ནང་དོན་འཐུས་ཚང་། སྒྲིག་བཀོད་འཐུས་ཚང་། དམིགས་ཡུལ་ཁ་གསལ་བཅས་ཡོང་བར་བྱས་ནས། སློབ་གྲོགས་ཚང་མ་རོལ་རྩེད་ལ་ཧུར་ཐག་ཞུགས་ཐུབ་པར་བྱེད་པ་དང་། ལུས་སྦྱོང་དངོས་སུ་འགོ་མ་ཚུགས་གོང་དལ་རྒྱུག་བྱེད་པ་དང་དེ་ནས་ལུས་སྦྱོང་གི་ནང་དོན་དང་འབྲེལ་བའི་རོལ་རྩེད་བྱེད་སྒོ་ཁ་ཤས་བཀོད་སྒྲིག་བྱས་ཏེ་སློབ་མའི་ལུས་སེམས་ལུས་རྩལ་སློབ་ཚན་ནང་དུ་འཇུག་དགོས། བྱེད་སྒོའི་ནང་དོན་དེ་ལུས་སྦྱོང་གི་ནང་དོན་དང་འབྲེལ་བ་དམ་པོ་བྱས་ནས་ལུས་སྦྱོང་གི་ནང་དོན་འབུར་དུ་ཐོན་ཞིང་། སློབ་མའི་ལུས་སེམས་ཀྱི་འཚར་ལོངས་དང་འཚམ་པ་དང་སློབ་མའི་སྦྱོང་འདོད་ཀྱི་བློ་སྒོ་སྐྱེད་སྲིང་ཐུབ་པར་དགོས། དེ་ལྟར་བྱས་ན་སློབ་ཚན་འགོ་ཚུགས་མ་ཐག་ནས་སློབ་མའི་སྤྲོ་སྣང་སྐུལ་སློང་བྱེད་ཐུབ་པ་དང་སློབ་ཚན་གྱི་སློབ་ཁྲིད་དམིགས་འབེན་ལེགས་པར་འགྲུབ་ཐུབ།

    གསུམ་པ། ལུས་རྩལ་རོལ་རྩེད་བྱེད་སྒོས་སློབ་མའི་འཚར་ལོངས་ལ་ནུས་པ་ངེས་ཅན་ཐོན་པ།

    སེམས་ཁམས་རིག་པའི་ཞིབ་འཇུག་ལས་མིའི་ཀླད་པའི་འཚར་ལོངས་དང་མི་རྣམས་ཀྱི་སེམས་ཁམས་དང་འཚོ་བའི་ཁོར་ཡུག་ལ་འབྲེལ་བ་དམ་ཟབ་ཡོད་པ་གསལ་བཤད་བྱས་ཡོད། མིའི་བྱ་སྤྱོད་གང་ཞིག་ཡིན་རུང་ཕྱི་ནང་གི་ཁོར་ཡུག་དང་ལུས་ཁམས་དང་སེམས་ཁམས་ཕན་ཚུན་ནུས་པ་ཐོན་རེས་དང་ཕན་ཚུན་ཤུཌ་རྐྱེན་ཐེབས་རེས་བྱེད་ཀྱི་ཡོད། སློབ་མའི་སེམས་ཁམས་དང་ལུས་རྩལ་རོལ་རྩེད་ནི་རྙོག་འཛིང་ཆེ་བའི་ཆ་རྐྱེན་གྱི་ལྡོག་འཕྲོ་ཞིག་ཡིན་ལ། དེ་ནི་ཀླད་པའི་སྐྱི་རིམ་གྱིས་ཕྱི་ནང་གི་ཚོར་ཆས་ལས་བྱུང་བའི་བརྡ་རྟགས་མི་འདྲ་བར་དབྱེ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་རེད། བརྡ་རྟགས་མ་ལག་བར་ཕན་ཚུན་ཁ་གསབ་བྱས་ན་ལུས་ཕུང་ལ་སྔར་ལས་ལྷག་པའི་དོ་མཉམ་དང་མཐུན་སྦྱོར་གྱི་ནུས་པ་ཐོན་ཐུབ། ལུས་རྩལ་རོལ་རྩེད་ཀྱིས་སློབ་མར་རྒྱུན་དུ་སྦྱངས་པའི་ལུས་རྩལ་ཉམས་མྱོང་དང་ལུས་རྩལ་ནུས་རྩལ་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་དུ་འཇུག་ཐུབ་ལ། ཉན་པ་དང་། ལྟ་བ། བསམ་པ། སྒུལ་བ་སོགས་ཟུང་འབྲེལ་དམ་ཚགས་བྱས་པ་བརྒྱུད་སློབ་མས་སྟབས་བསྟུན་རང་བཞིན་དང་དོ་མཉམ་རང་བཞིན་གྱི་ཀླད་པའི་སྐྱི་རིམ་འཛུགས་པའི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་ཐུབ་པ་དང་། སློབ་མའི་བསམ་གཞིག་གི་ནུས་པ་གང་ལེགས་འདོན་པ་དང་། སློབ་མའི་རིག་སྟོབས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཐུབ།

    མདོར་ན། ལུས་རྩལ་རོལ་རྩེད་དང་། ལུས་སྦྱོང་། སློབ་གསོ་བཅས་ཟུང་འབྲེལ་ལེགས་པོ་བྱེད་པ་དེས་དེང་སྐབས་སློབ་འབྲིང་གི་ལུས་རྩལ་སློབ་ཁྲིད་ཀྱི་གནས་བབ་གལ་ཆེན་ཞིག་ཏུ་བཟུང་ཡོད་པས་ལུས་རྩལ་དགེ་རྒན་རྣམ་པས་ངེས་པར་དུ་རྒྱུན་གཏན་ནས་ལུས་རྩལ་སློབ་ཁྲིད་ལ་ཞིབ་འཇུག་གང་ལེགས་དང་། ལུས་སྦྱོང་དང་རོལ་རྩེད་ཟུང་འབྲེལ་ལ་མཐོང་ཆེན་གྭྱིས་སློབ་མའི་ལོ་ནའི་ཁྱད་ཆོས་དང་འཚམ་པའི་རོལ་རྩེད་བཀོད་སྒྲིག་གང་ལེགས་བྱས་ནས་ལུས་རྩལ་རོལ་རྩེད་སློབ་ཁྲིད་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལུས་རྩལ་རོལ་རྩེད་ཀྱི་ཁྱབ་གདལ་རང་བཞིན་དང་། སྣ་མང་རང་བཞིན། ཚན་རིག་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལུས་རྩལ་རོལ་རྩེད་ལུས་རྩལ་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་ཐུབ་ན་ལུས་རྩལ་སློབ་ཚན་གྱི་ནུས་པ་གང་ལེགས་མངོན་པ་མ་ཟད། སློབ་མའི་འཚར་ལོངས་ལའང་ཕན་པ་ངེས་ཅན་འཐོབ་ངེས་རེད།

    (རྒྱ་ཚྭ་རྫོང་སློབ་འབྲིང་གི་དགེ་མིང་འཛིན་པ་མཚམས་གཅོད་ལྷ་མོས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།