[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བོད་སྐད་ཡིག་གི་སློབ་ཁྲིད་ལས་བྱུང་བའི་མྱོང་བ་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-17

    ཁ་རྒྱུན་དུ་མི་ཞིག་ཡིན་ན་ཆུང་ནས་གསོ། ལྕང་མ་ལྕུག་ཕྲན་ནས་དྲོངས་ཞེས་པ་ལྟར་སློབ་ཆུང་གི་དུས་མཚམས་ནི་མི་ཞིག་གི་འཚར་ལོངས་བརྒྱུད་རིམ་གྱི་གལ་འགངས་ཤིན་ཏུ་ཆེ་བའི་དུས་མཚམས་ཤིག་ཡིན་པས། ངེས་པར་དུ་དུས་མཚམས་དེའི་རིང་གི་སློབ་ཕྲུག་གི་སློབ་གསོའི་གནད་དོན་སོགས་ཕྱོགས་གང་ས་ཅི་ཐད་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་ནི་སློབ་ཆུང་དགེ་རྒན་གྱི་ངོས་ནས་བརྗོད་ན་དེ་བས་མཐོང་ཆེན་དང་དོ་སྣང་བྱེད་དགོས་པའི་གནད་རེད། དེར་བརྟེན། རང་ཉིད་ལོ་མང་སློབ་གསོའི་ལས་དོན་གྱི་འཐབ་ས་མདུན་མར་སློབ་གསོ་སློབ་ཁྲིད་ལ་གཞོལ་བའི་ཉམས་མྱོང་དང་འབྲེལ་ནས། སློབ་ཆུང་སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་སུ་འཇུག་ཐབས་དང་སློབ་མའི་སྦྱངས་འབྲས་མཐོ་རུ་ཇི་ལྟར་གཏོང་ཐབས་སོགས་ཀྱི་ཉམས་མྱོང་ཅུང་ཙམ་གླེང་བར་བྱ།

    དང་པོ། སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཐབས་སྐོར།

    སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ་ནི་དགེ་རྒན་ཞིག་གི་ངོས་ནས་དམ་འཛིན་བྱེད་དགོས་པའི་དོན་གལ་པོ་ཆེ་ཞིག་རེད། འཛིན་གྲྭ་གཅིག་གི་ནང་སློབ་མས་སྦྱོང་ཚན་མི་འབྲི་བའི་གནད་དོན་རྟག་ཏུ་ཐོན་ངེས་ལ། དགེ་རྒན་རེ་ཟུང་གིས་གནད་དོན་དེ་རིགས་ནི་མིག་ནང་གི་ཚེར་མ་ལྟ་བུར་བཟུང་ནས་ཟུར་ཟ་དང་འཕྱ་སྨོད་ཀྱི་མདའ་མོ་འཕེན་རྐྱང་བྱེད་ཀྱི་ཡོད་པར་བརྟེན། སློབ་མ་རེ་ཟུང་གི་ཡིད་ཆེས་ཉམས་པ་དང་བློ་ཁོག་ཆུང་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་ནས་རྟག་ཏུ་སློབ་སྦྱོང་གི་བརྩོན་སེམས་ཉམས་པ་དང་། སློབ་ཚན་འཚོག་སྐབས་སྒྱིད་ལུག་རྣམ་གཡེང་གི་དབང་དུ་འགྲོ་སླ་བ། སློབ་སྦྱོང་ལ་སྤྲོ་སྣང་མེད་པ། སྦྱོང་ཚན་དུས་ཐོག་ཏུ་མི་འབྲི་བ་དང་བྲིས་ཀྱང་ཁྲལ་ཁོ་ནར་ངོས་འཛིན་བྱེད་པ། བྲིས་པ་གཙང་མ་མེད་པ། ཡིག་གཟུགས་ཟང་ཟིང་སོགས་མདོར་ན་སྤུས་ཚད་ཞན་པའི་རྒྱུ་རུ་འགྱུར་བཞིན་ཡོད། དེས་ན་དགེ་རྒན་གྱིས་ཀྱང་སྦྱོང་ཚན་མ་བྲིས་པའི་རྒྱུ་མཚན་ཅི་ཡང་མ་བྲིས་པར་ཐད་ཀར་གཤེ་གཤེ་བཏང་ན་ཕན་འབྲས་གང་ཡང་མ་ཐོན་པར། དེ་ལས་ལྡོག་སྟེ་ཁོ་ཚོའི་སེམས་ཁམས་ལ་ཕོག་ཐུག་སོང་ནས་རིག་ཚན་དེ་དང་དེ་འདྲ་བ་ལ་ཞེན་པ་ལོག་པ་དང་སྤྲོ་བ་བརླག་པར་འགྱུར་ངེས་རེད། དེར་བརྟེན་ང་ཚོ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་མ་དང་འགྲོག་བདེ་གཤིབ་བདེའི་སྒོ་ནས་ཁྱིམ་ཚང་གི་གནས་ཚུལ་དངོས་དང་སྦྱོང་ཚན་མ་འབྲི་བའི་རྒྱུ་མཚན་གང་ཡིན་མིན་སྐོར་ངག་འཇམ་པོས་སྐད་ཆ་དྲིས་ནས་གསལ་པོར་རྟོགས་པར་བྱས་ཏེ་འབེན་ཡོད་སར་མདའ་འཕེན་པ་བཞིན་གནད་ལ་འཕིགས་པའི་སློབ་གསོ་བརྒྱབ་ནས། སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་པ་ནི་གནད་ཀྱི་དམ་པ་ལགས། སྤྱིར་སྦྱངས་འབྲས་ཞན་པའི་སློབ་མ་དེ་དག་ཀྱང་ཁྱིམ་ཚང་གི་གནས་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གྱིས་སྐྱོན་བརྗོད་ཁོ་ན་མ་བྱས་པར་བྱམས་བརྩེས་སྐྱོང་དགོས། དེ་ཡང་སྤྱིར་གནམ་འོག་གི་ཕ་མ་གང་འདྲ་ཞིག་ཡིན་རུང་། རང་གི་བུ་ཕྲུག་ནི་སྙིང་དང་མིག་འབྲས་བཞིན་གཅེས་སྐྱོང་འོག་སྤྱི་བོའི་རྒྱན་དུ་གྱུར་ན་ཅི་མ་རུང་སྙམ་པའི་བློ་ཞིག་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་སློབ་མའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དང་ཕ་མའི་རིག་གནས་ཆུ་ཚད་མཐོ་དམན་མི་འདྲ་བ་དང་། ཁོ་ཚོའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་སོགས་མི་འདྲ་བ་དང་ཡང་ན་ཁྱིམ་ཚང་སློབ་གསོ་མི་འདྲ་བའི་དབང་གིས་སློབ་མའི་ཀུན་སྤྱོད་དང་ཤེས་རིག་ལ་སོགས་པར་ཁྱད་པར་ཡོད་སྲིད། དེར་བརྟེན་ང་ཚོ་དགེ་བའི་བཤེས་གཉེན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་འཚོ་བ་དང་། སློབ་སྦྱོང་། ལུས་སེམས་བདེ་ཐང་སོགས་ལ་ལྟ་རྟོག་གང་ལེགས་བྱས་ཏེ། ཁོམ་པ་བཙལ་ནས་ཟུར་ཁྲིད་བྱེད་པ་དང་། ཁོ་ཚོའི་སེམས་ཤུགས་འཕེལ་ཕྱིར་ཡར་རྒྱས་ཅུང་ཙམ་བྱུང་ཡང་འཕྲལ་དུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའམ་ཡང་ན་བྱ་དགའི་ཚུལ་གྱིས་ཡིག་ཆས་རེ་གཉིས་སྤྲོད་པ་སོགས་བྱས་ན་ཕན་འབྲས་ངེས་ཅན་ཐོན་ཐུབ།

    གཉིས་པ། བསླབ་གཞིར་རྒྱུས་མངའ་དང་འཁྲིད་ཐབས་ལ་བསམ་གཞིག་བྱེད་དགོས།

    སློབ་ཚན་གཅིག་ལེགས་གྲུབ་ཡོང་མིན་གྱི་འགག་རྩ་ནི་སློབ་ཁྲིད་འཆར་ཟིན་གྲ་སྒྲིག་ཡག་པོ་བྱུང་མིན་ལ་རག་ལུས་ཡོད། བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་གཏིང་ཟབ་ཡོང་བ་དང་སློབ་ཁྲིད་འཆར་ཟིན་ནན་ཏན་གྱིས་འགོད་པ་ནི་དགེ་རྒན་གྱིས་སློབ་ཁྲིད་གོང་སྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་རེད། དེ་ཡང་སློབ་ཁྲིད་ནི་ཐད་གཏོང་ལེ་ཚན་ཞིག་དང་འདྲ་བར་བསྐྱར་སྟོན་བྱེད་ཐབས་མེད་པས། ང་ཚོ་དགེ་རྒན་རྣམས་ཀྱིས་ལེ་ཚན་འདི་གཙོ་གནད་འབུར་དུ་ཐོན་པ་སྦལ་པའི་མིག་འབྲས་ཇི་བཞིན་དང་། གསར་ཁྲིད་ཀྱི་བྱ་ཐབས་འདི་དཔེ་གསར་ཆེ་ཞིང་གསོན་ཉམས་ལྡན་པ། སྤྲོ་སྣང་གིས་ཁེངས་ཤིང་ངོ་མཚར་བ་ཞིག་དང་སློབ་མས་གོ་བདེ་ཞིང་རྟོགས་སླ་བ། བསམ་གཞིག་དང་དབྱེ་ཞིབ། ཐག་གཅོད་དང་མཉམ་ལས་ཀྱི་ནུས་པ་གསོ་སྐྱོང་ཐུབ་པ་སོགས་གང་ལྟར་ཡང་ནང་དོན་ལ་རྒྱུས་མངའ་ཡོད་པ་ཞིག་བྱས་ནས་སྤུས་ཚད་ལྡན་པ་ཞིག་བཟོ་དགོས། དེ་ཡང་གང་བསླབ་པར་བྱ་བའི་སློབ་ཚན་དེ་ཞིབ་ཅིང་ཕྲ་བར་ལྟ་ཀློག་བྱེད་དགོས་པ་མ་ཟད། དེའི་རྩོམ་པ་པོའི་བསམ་བློའི་བརྩེ་དུང་གང་འདྲ་ཞིག་ཡིན་པ་དང་། སློབ་ཚན་གྱི་རྒྱབ་ལྗོངས་ཇི་ལྟར་ཡིན་པ། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ཤེས་རྟོགས་བྱེད་དགོས་ལ་རྩོམ་པ་པོས་སློབ་ཚན་འདི་འབྲི་དགོས་པའི་དམིགས་ཡུལ་དང་། གོ་དཀའ་བའི་མིང་ཚིག་གི་གོ་དོན་ལ་འགྲེལ་བ་བྱེད་པའི་རྨང་གཞིའི་ཐོག་སློབ་ཚན་གྱི་བརྗོད་བྱའི་སྲོག་གང་ཡིན་པ་རྟོགས་དགོས་པ་སོགས་མདོར་ན་རང་གིས་གསར་ཁྲིད་ཀྱི་ལས་ལ་མ་ཞུགས་གོང་སྟ་གོན་ལེགས་པར་བྱས་ཏེ། སློབ་ཚན་གྱི་མགོ་མཇུག་བར་གསུམ་ལ་རྒྱུས་མངའ་ཞིབ་ཕྲ་ཡོད་པར་བྱས་ནས་འཆར་གཞི་གཞིར་བཟུང་འཁྲིད་ཐབས་གསོན་ཉམས་ལྡན་ཞིང་ཉན་སྤྲོ་བ་ཞིག་དགོས་པ་མ་ཟད། སློབ་ཚན་འཁྲིད་ཐབས་ལ་སྣེ་མང་རང་བཞིན་ཡང་ལྡན་དགོས།

    གསུམ་པ། བསླབ་གཞི་དང་འབྲེལ་བའི་སློབ་ཕྱིའི་དཔྱད་གཞི་བཙལ་ནས་ནོར་མཛོད་ལྟ་བུའི་ནུས་པ་ཐོན་པར་བྱེད་དགོས།

    སློབ་མར་ཆུ་སྐྱོགས་གང་སྟེར་བར་དང་ཐོག་རང་ཉིད་ལ་ཆུ་ཟོམ་གང་དགོས་ཞེས་པ་ལྟར་རང་ཅག་དགེ་རྒན་རྣམས་ཀྱིས་དཔེ་དེབ་མང་པོ་ཞིག་ལྟ་དགོས་ཀྱི་ཡོད། བོད་སྐད་ཡིག་སློབ་ཁྲིད་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། བསླབ་གཞི་ཤེས་ཙམ་གྱིས་མི་འགྲིག་པར་སུམ་རྟགས་དག་གསུམ་གྱིས་གཙོས་ལོ་རྒྱུས་དང་། མངོན་བརྗོད། སྙན་ངག ལེགས་བཤད། གཏམ་དཔེ། རྩོམ་རིག་སོགས་ཤེས་བྱ་མང་དག་ཅིག་ལྟ་དགོས་པའི་སྐོར་མཁས་པའི་ཞལ་ནས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བསགས། བར་དུ་གཞུང་ལུགས་གདམས་པར་ཤར་བ་དང་ཞེས་གསུངས་ཡོད། དེར་བརྟེན་སློབ་ཚན་དེར་གང་ལ་དེ་འཚམ་གྱི་དཔྱད་གཞི་བཙལ་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དགའ་དད་སྤྲོ་གསུམ་ལྡན་པའི་གཏམ་རྒྱུད་དང་། གཏམ་དཔེ། ལོ་རྒྱུས། གྲགས་ཅན་མི་སྣའི་རྟོགས་བརྗོད་དང་རྣམ་ཐར་སོགས་འོས་འཚམ་དྲངས་ནས་སློབ་མའི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་ཆབས་ཅིག དགེ་རྒན་རང་ངོས་ཀྱི་ཐོས་པ་རྒྱུན་མཐུད་གསོག་ཐུབ་ན་ཤེས་འདོད་ཀྱི་སྤྲོ་བ་འཕེལ་ཐུབ།

    དེ་ཡང་སྔོན་བྱོན་མཁས་པས། བསླབས་པ་ནི་སློབ་མི་དགོས་པའི་ཕྱིར་ཞེས་གསུངས་པ་ལྟར་སློབ་མ་རང་ཉིད་ནས་ཀྱང་དཔེ་མཛོད་ཁང་དུ་ཕྱིན་ནས་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བའི་ནང་དོན་ཁ་གསབ་དང་ཡང་ན་དྲ་རྒྱ་ནས་ཤེས་བྱ་འཐོབ་ཐབས་བྱེད་དགོས། ཡང་ཕ་མ་དང་རྒན་རྒོན་གྱི་ས་ནས་རང་ལ་སྤྲོ་བ་དང་མོས་པ་ཡོད་པའི་ཤེས་བྱ་མང་དག་སྦྱངས་ན་རང་བཞིན་གྱིས་ཤེས་ཐུབ། དཔེར་ན། གབ་ཚིག་འཚོལ་བསྡུ་བྱེད་པ་དང་། གཏམ་དཔེ་འཚོལ་བསྡུ་བྱེད་པ། དེ་བཞིན་སློབ་ཆུང་ལོ་རིམ་གསུམ་པའི་ནང་དུ་གཅན་གཟན་གྱི་རིགས་ངོ་སྤྲོད་བྱེད་པའི་ནང་དོན་ཞིག་ཡོད་ཅིང་། སློབ་མ་རྣམས་ཀྱིས་དེའི་ཁྱད་ཆོས་དང་འཚོ་བའི་གོམས་གཤིས་ལ་སོགས་བཙལ་འཚོལ་དང་རང་ཉིད་ནས་མཉམ་དུ་ལག་པ་བསྒུལ་ནས་བཙལ་ཏེ་དགེ་སློབ་ཟུང་འབྲེལ་གྱིས་ནང་དོན་ཁ་གསབ་བྱས་ན་སློབ་ཚན་འཁྲུག་ཆ་དོད་པ་དང་སྤྲོ་སྣང་འཕེལ་བ་ཞིག་ཡོང་ཐུབ། གཅན་གཟན་དེ་རྣམས་ལ་དེ་བས་རྒྱུས་མངའ་ཆེ་བ་དང་རང་བྱུང་གི་ཤེས་བྱ་མང་དག་བློ་ངོར་ཆུད་ནས་ཕྱིས་སུ་དཔེ་དེབ་ལྟ་བའི་འདུན་པ་ཞིག་གསོ་སྐྱོང་བྱེད་ཐུབ་ལ་སྲོག་ཆགས་དང་འབྲེལ་བའི་གཏམ་དཔེ་དང་གཏམ་རྒྱུད། ཤོད་སྲོལ་སོགས་གང་མང་བསྡུ་རུབ་བྱས་ནའང་ཤེས་རྒྱ་ཆེ་རུ་འགྲོ་སྲིད་ལ། སློབ་ཁྲིད་ཀྱི་ནང་དོན་ཁ་གསལ་ཤེས་པར་རོགས་ཟླའི་ནུས་པ་ཞིག་ཐོན་ཐུབ།

    མདོར་ན། གོམས་གཤིས་ངན་པའི་སློབ་མ་དང་སྦྱངས་འབྲས་ཞན་པའི་སློབ་མར་དགེ་རྒན་གྱིས་དེ་བས་ཐུགས་ཁུར་ཟབ་བཞེས་དང་ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེས་སློབ་གསོ་སློབ་ཁྲིད་བྱས་ནས་ཤེས་བྱ་ཡོན་ཏན་ཡར་ངོའི་ཟླ་བཞིན་གོང་འཕེལ་འགྲོ་བར་སྐུལ་འདེད་གང་ལེགས་གཏོང་དགོས།

    (ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་སློབ་ཆུང་གི་པ་སངས་ཆོས་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།