[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་ཆུང་སློབ་མར་དོ་དམ་ཇི་ལྟར་བྱེད་དགོས་ལུགས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-10

    སློབ་གསོའི་བྱ་བ་ནི་ཤེས་རིག་དར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་བླ་ན་མེད་པ་ཞིག་དང་ཆེས་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་ཞིག་རེད། སློབ་ཆུང་གི་སློབ་གསོ་ཡང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བཞིན་ཡོད། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་རྒྱབ་ལྗོངས་འོག སློབ་ཆུང་གི་རྒྱ་ཡིག་སློབ་ཁྲིད་དང་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད་པའི་གུས་མོས། རང་གིས་རང་ལ་རེ་བ་ནན་པོ་བཅོལ་ཏེ་ཧུར་བརྩོན་ཆེན་པོས་ཁྲིད་སྟོན་གཉིས་མཐུན་ལམ་ནས་སློབ་གྲོགས་ཚོའི་ཁྲོད་དུ་བསྐྱོད་དེ་འཛིན་གྲྭའི་གནད་དོན་ཁག་ལ་རྒྱུས་ལོན་དང་ཐག་གཅོད་བྱེད་བཞིན་ཡོད། ཡང་སྒོས་འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཚེ། སློབ་མའི་སློབ་སྦྱོང་ཙམ་མ་ཟད། བསམ་བློ་དང་གཤིས་རྒྱུད། ཐ་ན་ཡུལ་ལུང་གང་དེའི་གོམས་སྲོལ་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་རྒྱུས་མངའ་ལེན་ཐུབ་ན། ད་གཟོད་དགེ་སློབ་དབར་མཛའ་སེམས་ཀྱི་འབྲེལ་བ་ཞིག་འཛུགས་ཐུབ་ནས་འཛིན་གྲྭའི་ཕྱོགས་གང་ས་ཅི་ཐད་ཀྱི་གནད་དོན་རྣམས་བདེ་བླག་ངང་ཐག་གཅོད་བྱེད་ཐུབ། གཤམ་ལ་གུས་མོས་རང་ཉིད་ཀྱི་མྱོང་བ་དང་འབྲེལ་ནས་སློབ་ཆུང་སློབ་མར་འཛིན་གྲྭའི་ཀྲུའུ་རེན་གྱིས་དོ་དམ་ཇི་ལྟར་བྱེད་དགོས་ལུགས་སྐོར་རགས་ཙམ་གླེང་བར་བྱ།

    དང་པོ། ཁྱིམ་བདག་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པ།

    དེ་ཡང་བོད་ལྗོངས་འདི་ཉིད་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་འགྲོ་ཞིང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་དུ་སློབ་གསོས་གནས་བབ་གལ་ཆེན་བཟུང་ཡོད་པ་སྨོས་ཅི་ལ་དགོས། དེར་བརྟེན། ཁྱིམ་བདག་དང་དགེ་རྒན་ཚང་མས་ཕྲུ་གུར་སློབ་གསོ་གཏོང་སྐབས། སློབ་གསོའི་ཐབས་ལམ་ལ་མཐོང་ཆེན་བྱེད་པ་དེ་ནི་སློབ་གསོའི་དམིགས་ཚད་ལེགས་གྲུབ་ཡོང་མིན་གྱིའགག་རྩ་ཞིག་རེད། ཚད་ལྡན་གྱི་སློབ་མ་ཞིག་གསོ་སྐྱོང་བྱེད་དགོས་ན་རིག་གནས་གཅིག་པུ་ཡོད་པས་ཕན་ག་ལ་ཐོགས། ཀུན་སྤྱོད་ནི་མིའི་མཛེས་རྒྱན་ལྟ་བུ་ཞིག་ཡིན་པས། སློབ་མ་ཕུལ་བྱུང་ཞིག་གསོ་སྐྱོང་བྱེད་དགོས་ན་ཤེས་བྱ་རིག་གནས་ཙམ་མ་ཟད། ནང་གི་ཀུན་སྤྱོད་གསོ་སྐྱོང་ལ་དེ་བས་གཙིགས་ཆེན་བྱེད་དགོས། ཁྱིམ་བདག་ནི་སློབ་མའི་དགེ་རྒན་དང་པོ་དེ་ཡིན་ལ། སློབ་མ་དང་འབྲེལ་འདྲིས་ཟབ་ཤོས་ཀྱི་མི་ཡིན་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཁྱིམ་བདག་དང་འབྲེལ་བ་མང་ཙམ་བྱེད་དགོས་ཤིང་། དེ་ལྟར་བྱས་ན་སྤྱི་ཚོགས་ཐོག་གི་རེ་བ་མང་པོ་ཞིག་བསྐངས་ཐུབ་ངེས་རེད། ལྷག་དོན་དུ་བསླབ་གཞི་གསརཔའི་བྱ་ཐབས་སྣ་ཚོགས་དགེ་རྒན་གྱིས་ཤེས་རུང་སློབ་མའི་ཁྱིམ་བདག་ཚོས་ཤེས་པའི་ངེས་པ་མེད་སྟབས། དགེ་རྒན་དང་ཁྱིམ་བདག་དབར་ལྟ་སྟངས་ཐད་འགལ་བ་ཐོན་སྲིད་པ་མ་ཟད། ཐ་ན་ཁྱིམ་བདག་འགའ་ཞིག་གིས་དགེ་རྒན་དང་སློབ་གྲྭའི་བྱ་ཐབས་ལ་མི་འདོད་པའི་རྣམ་འགྱུར་ཡང་བསྟན་སྲིད་པས། དེས་ན་ཁྱིམ་བདག་དང་འབྲེལ་གཏུག་མང་ཙམ་བྱེད་དགོས་པ་གལ་འགངས་ཤིན་ཏུ་ཆེ།

    གཉིས་པ། སློབ་གསོ་གཏོང་བར་ངང་རྒྱུད་རིང་པོ་དགོས་པ།

    ངག་རྒྱུན་དུ་གདོང་གི་རྣམ་འགྱུར་ལས་མི་སེམས་དཔོག་ཐུབ་ཅེས་བརྗོད་པ་ལྟར། མིའི་སེམས་ཀྱི་འཁྱེར་སོ་དང་གཤིས་རྒྱུད། ལུས་ཀྱི་སྤྱོད་ལམ་དང་གོམས་སྲོལ་བཅས་ནི་མིའི་གདོང་གི་རྣམ་འགྱུར་ལས་གང་ཙམ་ཞིག་མངོན་ཐུབ། སློབ་མའི་བྱ་སྤྱོད་ལ་མཛུབ་ཁྲིད་བྱེད་སྐབས། སློབ་གྲྭ་དང་ཁྱིམ་བདག སྤྱི་ཚོགས་བཅས་གང་ཡིན་རུང་དང་ཐོག་བྱམས་སེམས་ཀྱི་ཀུན་སློང་འཆང་དགོས་པ་ནི་གལ་ཆེ་བ་ཞིག་ཏུ་མཐོང་། གང་ལགས་ཤེ་ན། དེང་དུས་ཀྱི་ཕྲུ་གུར་ཚིག་རྩུབ་ཀྱི་སྐད་ཆ་འགྲོ་ས་མེད་པ་དང་གཤེ་གཤེ་དང་ཉེས་རྡུང་ནི་དེ་བས་འགྲོ་ས་མེད། དགེ་རྒན་གྱིས་སློབ་མར་གཅར་རྡུང་དང་གཤེ་གཤེ་གཏོང་བ་ནི་དེང་རབས་སློབ་གསོའི་བྱེད་ཕྱོགས་དང་མི་མཐུན་ལ། སློབ་མར་རེ་བ་བཏོན་པའི་སྐད་ཆའམ་ཤ་ཚ་བའི་སྐད་ཆ་ལབ་དྲགས་ན། བོང་བུའི་རྣ་བར་གསེར་བླུགས་པའི་དཔེ་རུ་འགྲོ་སྲིད། དེའི་རྒྱུ་རྐྱེན་གཙོ་བོ་ཡང་དེང་དུས་སྤྱི་ཚོགས་ཧྲིལ་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་དངོས་པོའི་ལོངས་སྤྱོད་ཀྱི་ཆ་རྐྱེན་ཇེ་བཟང་དུ་སོང་བས། སློབ་མའི་འཚོ་བའི་ཁོར་ཡུག་ལེགས་པས་དཀའ་སྤྱད་སྡུག་རུས་ཀྱི་འཚོ་བར་མ་གོམས་པའི་དབང་གིས་རེད། དེས་ན། དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མར་ཕ་མ་ལྟ་བུའི་བྱམས་སེམས་བཅངས་པའི་རྨང་གཞིའི་ཐོག་སློབ་མར་བརྩི་བཀུར་བྱས་ན། ད་གཟོད་སློབ་མས་དགེ་རྒན་ལ་ཕ་མའི་འདུ་ཤེས་འཛིན་པ་དང་དགེ་སློབ་དབར་འདྲ་མཉམ་གྱི་ཚོར་སྣང་བསྐྲུན་ཐུབ། དེ་ལས་ལྡོག་སྟེ་སློབ་མའི་བསམ་བློར་ཕོག་ཐུག་གི་རིགས་བྱུང་ཚེ་ཡར་ཐོན་གྱི་སྒུལ་ཤུགས་དང་ཡིད་ཆེས་ཀྱི་བསམ་པའི་རྟེན་གཞི་མེད་པར་གྱུར་ནས་སློབ་མའི་སེམས་ཤུགས་ཉམས་དམས་སུ་འགྲོ་བ་དང་ཉམས་ཆུང་ནུས་མེད་ཀྱི་གནས་སུ་གྱར་སྲིད། དེར་བརྟེན། དགེ་རྒན་དང་སློབ་མའི་དབར་གྱི་འབྲེལ་བ་ནི་སློབ་གསོ་གཏོང་མཁན་དང་སློབ་གསོ་མྱོང་མཁན་གྱི་འབྲེལ་བ་ཡིན་ལ། དམངས་གཙོ་དང་འདྲ་མཉམ་གྱི་འབྲེལ་བ་ཡིན་པ་ལས་བཀོད་པ་པོ་དང་བཀོད་ཡུལ་གྱི་འབྲེལ་བ་སྟབས་བདེ་ཞིག་མ་རེད། བསླབ་གཞི་གསར་པས་ང་ཚོར་རང་འགུལ་དང་མཉམ་འགུལ་གྱི་སློབ་སྦྱོང་བྱེད་ཐབས་བསྟན་ཡོད། དེའི་ངོ་བོ་ནི་འདྲ་མཉམ་དང་བྱམས་སེམས་ཀྱི་རྨང་གཞི་བྱས་པའི་སློབ་གསོའི་ཁོར་ཡུག་ཅིག་སྐྲུན་དགོས་པ་དེ་རེད། ལྷག་པར་དུ་དགེ་རྒན་གྱིས་སློབ་མར་འཛིན་པའི་བརྩེ་སེམས་ནི་དེ་བས་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་པས། དེང་སྐབས་ཀྱི་སློབ་གསོའི་འཕེལ་ཕྱོགས་ཀྱི་དགོས་མཁོ་དང་མཐུན་ཆེད། དགེ་རྒན་རྣམས་ཀྱིས་སློབ་མའི་ཆེད་དུ་དཔེ་ཁྲིད་མི་གསོའི་བྱ་བར་ཞུགས་དགོས་པ་མ་ཟད། སློབ་མ་རྣམས་རང་གི་བུ་ཕྲུག་སྐྱོང་བ་ཇི་བཞིན་ཞི་འཇམ་ཐབས་མཁས་དང་བྱམས་སེམས་དང་ལྡན་པའི་སྒོ་ནས་སྐྱོང་དགོས་ལ། སློབ་མའི་ལེགས་ཆ་ཕྲན་བུ་ཙམ་ལའང་དུས་ཐོག་ཏུ་བསྔགས་བརྗོད་དང་ཁས་ལེན་བྱེད་དགོས། དེ་ལྟར་བྱས་ན་སྔར་ལས་ལྷག་པའི་སྒོ་ནས་སློབ་གཉེར་གྱི་དམིགས་ཚད་ལེགས་གྲུབ་ཡོང་ངེས་རེད།

    གསུམ་པ། བདེན་པ་བདེན་ཐུབ་ཀྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་ལས་ཕྱོོོགས་རིས་བྱ་མི་རུང་།

    ཡིད་འོང་སྐྱེད་མོས་ཚལ་གྱི་ནང་མེ་ཏོག་སྣ་ཚོགས་བཞད་པ་ལྟར་འཛིན་གྲྭ་གཅིག་གི་ནང་ཡུལ་ཕྱོགས་མི་གཅིག་པའི་སློབ་མ་མང་པོ་འཛོམ་སྲིད། མི་ལ་མི་དགོས་སྐྱོན་དང་ཤིང་ལ་མི་དགོས་འཛེར་པ་ཟེར་བའི་དཔེ་ལྟར། སློབ་མ་སུ་ལའང་སྐྱོན་ཆ་སྣ་ཚོགས་ལྡན་སྲིད། དགེ་རྒན་ནི་ལེགས་ཉེས་དབྱེ་བ་འབྱེད་པའི་ཁྲིམས་དཔོན་དང་འདེགས་བྱེད་ཀྱི་རྒྱ་སྲང་ལྟ་བུ་ཡིན་པས། ངེས་པར་དུ་དྲང་བདེན་གྱིས་ཐག་གཅོད་བྱེད་པ་ལས་ཉེ་དགའ་ཕྱོགས་ཞེན་གྱི་དབང་དུ་རྩ་བ་ནས་འགྲོ་རྒྱུ་མེད། གཅིག་ནས་དཔལ་འབྱོར་དང་ཕྱིའི་རྣམ་པར་བལྟ་རྒྱུ་མེད། འཛིན་གྲྭའི་ཀྲུའུ་རེན་ནི་ཁྲིམས་དཔོན་ལྟ་བུ་ཡིན་པས། སློབ་ཕྲུག་གཉིས་དབར་གྱི་འགལ་ཟླ་ཐག་གཅོད་བྱེད་སྐབས། དཔལ་འབྱོར་དང་ཕྱི་ལུས་ཀྱི་རྣམ་པར་མི་ལྟ་བར་རྒྱ་སྲང་གི་ཐོག་ཏུ་བཞག་པའི་དངོས་པོ་ལྟར་ཡང་ལྕི་མེད་པར་ཐག་གཅོད་ལེགས་པོ་བྱེད་དགོས། དེ་མིན་ན་ཕྱིས་ཀྱི་སློབ་མ་ཚོས་དགེ་རྒན་གྱི་ཕྱོགས་རིས་བྱེད་པའི་སྐྱོན་ཆ་དེ་དམིགས་སུ་བཟུང་ནས་སློབ་སྦྱོང་ལ་དོ་སྣང་མེད་པར་ཕྱིའི་མཛེས་ཆར་དང་དོད་ཁོ་ན་བྱེད་ལ། ཆ་རྐྱེན་སྐྱོ་བའི་སློབ་མ་ཚོའི་སློབ་སྦྱོང་གི་སེམས་ཤུགས་ཀྱང་ཉམས་དམས་སུ་འགྲོ་ངེས་རེད། གཉིས་ནས་སློབ་སྦྱོང་གི་སྦྱངས་འབྲས་དང་འཛིན་གྲྭའི་ནང་གི་འགོ་ཁྲིད་ཆུང་ཆུང་གི་ནུས་པ་དེར་བལྟ་རྒྱུ་མེད། གནད་དོན་གང་ཞིག་ཡིན་རུང་ར་བསད་ནས་ལུག་འདར་ཞེས་པའི་དཔེ་ལྟར་གནད་དོན་གཅིག་ཐག་གཅོད་བྱས་རྗེས་གནད་དོན་གཉིས་པ་མི་ལྷག་པའི་སྔོན་འགོག་བྱེད་དགོས། དེ་ཡང་གནད་དོན་དང་པོ་ཐག་གཅོད་བྱེད་སྐབས། དྲང་བདེན་དང་ཕོག་ཐུག་མེད་པའི་སྒོ་ནས་ཐག་གཅོད་དགོས་ལ། སློབ་མ་ཡོངས་ཀྱི་དབུས་སུ་གནད་དོན་གྱི་ཉེན་ཚབས་ཆེ་ལུགས་བརྗོད་ནས་ཕྱིས་འབྱུང་གནད་དོན་དེ་རིགས་མ་ཐོན་པའི་སྔོན་འགོག་བྱེད་དགོས། དེ་ལྟར་མ་བྱས་ན། ནམ་ཡང་སློབ་ཕྲུག་དབར་གྱི་འགལ་བ་ཆུང་ཙག་ཐག་གཅོད་མི་ཐུབ་པར་ལུས་སྲིད། དེས་ན་དགེ་རྒན་གྱིས་སློབ་མ་ཚང་མར་ཕྱོགས་རིས་མེད་པར་གཅིག་གྱུར་དང་འདྲ་མཉམ་གྱི་ལྟ་བ་འཛིན་དགོས་པ་ལས། གཡས་པར་སྤྱན་དང་གཡོན་པར་མིག་ལྟ་བུ་སྟེ། སློབ་མའི་ཁྱིམ་ཚང་གི་འཁོས་བབ་དང་། དཔལ་འབྱོར་གྱི་གནས་བབ། དེ་བཞིན་དགེ་རྒན་དང་ཁྱིམ་བདག་མི་སྒེར་དབར་གྱི་འབྲེལ་བ་བཅས་ལ་བརྟེན་ནས་སློབ་མར་དམིགས་བསལ་དུ་སེམས་ཁུར་དང་གཅེས་སྐྱོང་བྱ་མི་རུང་། རྒྱུ་མཚན་ནི་སློབ་མའི་ཁྱིམ་ཚང་གི་འཁོས་བབ་དང་། བློ་རིག རང་གཤིས་སོགས་ལ་ཁྱད་པར་ཅི་ཞིག་ཡོད་རུང་ཚང་མ་དགེ་རྒན་རང་ཉིད་ཀྱི་སློབ་མ་ཡིན་པས་དེ་དག་ཚང་མར་སེམས་ཁུར་དང་གཅེས་སྐྱོང་དོ་སྙོམས་བྱེད་དགོས། ལྷག་པར་དུ་དགེ་རྒན་གྱི་སྐད་ཆ་ཤོད་སྐབས་གདུག་རྩུབ་ཀྱི་སྐད་ཆ་དང་བཙན་གྱིས་གཅུན་འདོད་ཀྱི་སྐད་ཆ་ལབ་ན་ཁོ་ཚོའི་སེམས་ལ་རྨ་ཁ་བཟོ་བྱེད་ཀྱི་རལ་གྲི་ལྟ་བུར་འགྲོ་ཉེན་ཆེ་བས་འཛེམ་དགོས། དཔེར་ན། མཐོ་མཆོང་ལུས་རྩལ་པ་ཞིག་གིས་མཐོ་པོར་མཆོང་མ་ཐུབ་པ་དེ། མཆོང་སྟངས་འཚམ་པོ་མ་བྱུང་བ་དང་ཡང་ན་རྒྱུག་ཐབས་ལེགས་པོ་མ་བྱུང་བ། ཡང་ན་ཟས་བཅུད་མ་འདང་བའམ་ཐང་ཆད་པ་སོགས་རྒྱུ་མཚན་སྣ་ཚོགས་དང་ལྡན་པས། མཆོང་སྟངས་འཚམ་པོ་མ་བྱུང་བ་ཡིན་ན། ཡང་དག་པ་ཡོང་ཐབས་བྱེད་དགོས་པ་དང་། རྒྱུག་ཐབས་ལེགས་པོ་མ་བྱུང་བ་ཡིན་ན། རྒྱུག་ཐབས་ལེགས་བཅོས་གཏོང་དགོས་པ། ཟས་བཅུད་མ་འདང་བ་ཡིན་ན། ཟས་བཅུད་ཁ་སྣོན་བྱེད་དགོས་པ། ཐང་ཆད་པ་ཡིན་ན་ངེས་པར་དུ་ངལ་གསོ་རྒྱག་ཏུ་འཇུག་དགོས་པ་ལས་གནས་ཚུལ་གང་ཡིན་ལ་མ་བརྟགས་མ་དཔྱད་པར་མཆོང་སྦྱོང་གཅིག་པུར་རྟེན་པ་ནི་ཐབས་ལ་རྨོངས་པ་ཁོ་ནའོ། གལ་ཏེ་དེ་ལྟར་བྱས་ན་གནས་ཚུལ་ཐག་གཅོད་ལ་ཕན་ཐོགས་རྒྱུ་ལྟ་ཅི། དེ་ལས་ལྡོག་པའི་འབྲས་བུ་ཐོན་ངེས་རེད། དེར་བརྟེན་སློབ་མ་གཅུན་པར་ཐབས་ཤེས་གང་མང་འཚོལ་དགོས་པ་ལས་ཐད་ཀར་སློབ་མའི་སྟེང་དུ་སྐྱོན་བརྗོད་བྱ་མི་ཉན།

    འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་རྙོག་འཛིང་ཆེ་ལ་བསུན་པ་དང་། འགན་ལྕི་ལ་གནོན་ཤུགས་ཆེ་བ་ཞིག་ཡིན་པས། མི་གཅིག་གི་ལས་དོན་དེ་སྐྱོན་བྲལ་དགེ་འཛོམ་ཞིག་ཏུ་སྒྲུབ་པ་ཧ་ཅང་དཀའ། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་ཁྲིད་དགེ་རྒན་གཞན་ཚོའི་རྒྱབ་སྐྱོར་འཐོབ་ཐབས་བྱེད་དགོས་པ་མ་ཟད། འཛིན་གྲྭའི་ནང་ནས་ཕྱོགས་གང་ཅིའི་ཐད་ཕུལ་བྱུང་ཡིན་པའི་སློབ་མ་ཁག་གཅིག་འདེམས་སྒྲུག་བྱས་ཏེ་འཛིན་གྲྭའི་ལས་བྱེད་པའི་ཚན་ཁག་འཛུགས་གཉེར་བྱས་ཐོག་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་དུ་འཇུག་དགོས། ཡང་འཛིན་གྲྭའི་ལས་བྱེད་པའི་ལས་འགན་ནི་རྣམ་ཀུན་རང་འཛིན་གྲྭའི་སྤྱོད་ལམ་དང་སློབ་སྦྱོང་སོགས་ཕྱོགས་ཡོངས་ལ་ལྟ་རྟོག་དང་། སྐབས་འགར་བྱེད་སྒོ་ཆུང་རིགས་སྒྲིག་འཛུགས། འཛིན་གྲྭའི་ནང་གནས་ཚུལ་གང་ཡོད་དུས་ཐོག་ཏུ་འཛིན་གྲྭའི་ཀྲུའུ་རེན་ལ་སྙན་སེང་ཞུ་བ་སོགས་རེད། འཛིན་གྲྭའི་ལས་བྱེད་པའི་ཚན་ཁག་གི་ནུས་པ་གང་ལེགས་འདོན་ཐུབ་ཚེ། གཅིག་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་ཁུར་པོ་ཡང་དུ་སོང་ནས་བྱེད་སྒོ་གཞན་གཉེར་བར་ཁོམ་པ་ཡོད་པ་དང་། གཉིས་ནས་སློབ་མའི་ཁྲོད་གནས་ཚུལ་གང་ཡོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་ཐུབ། གཞན་ཡང་འཛིན་གྲྭའི་ལས་བྱེད་པ་རྣམས་བསམ་བློ་ཀུན་སྤྱོད་ཐད་ཕུལ་བྱུང་ཞིག་ཡིན་དགོས་པ་མ་ཟད། སྦྱངས་འབྲས་ལེགས་པ་དང་དོ་དམ་གྱི་ནུས་པ་ངེས་ཅན་ལྡན་པ་ཞིག་ཀྱང་ཡིན་དགོས། འདི་ལྟར་བྱུང་ཚེ་འཛིན་གྲྭའི་སློབ་མ་ཡོངས་ཡར་ཐོན་ཡོང་བར་ཕན་ནུས་ཐོན་ཐུབ།

    (ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སློབ་ཆུང་གི་དགེ་རྒན་དབྱངས་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།