[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་གི་བོད་སྐད་ཡིག་ཁྲིད་ཐབས་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   མིག་དམར་མཚམས་གཅོད    |    སྤེལ་དུས།   2019-12-25

    བོད་སྐད་ཡིག་གི་རྨང་གཞི་ནི་སློབ་ཆུང་ནས་འགོ་བཙུགས་ཏེ་འདིང་དགོས་པས། འདིར་སློབ་ཆུང་གི་བོད་སྐད་ཡིག་ཁྲིད་ཐབས་སྐོར་ལ་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་བསྟུན་ནས་བསམ་ཚུལ་འགའ་གླེང་བར་བྱ།

    དང་པོ། ཀ་མད་སུམ་ཅུའི་ངོས་འཛིན་ནས་འགོ་བཙུགས་ཏེ་རྨང་གཞི་ལེགས་པོ་ཞིག་འདིང་དགོས།

    ཀ་མད་སུམ་ཅུ་ནི་སློབ་མས་བོད་ཡིག་སྦྱོང་བའི་རྨང་གཞིའི་ཤེས་བྱ་མེད་དུ་མི་རུང་བ་ཞིག་རེད་ལ། སློབ་ཕྲུག་གསར་པ་སློབ་གྲྭར་ཞུགས་རྗེས་ཀྱི་སྦྱང་བྱ་ཐོག་མ་དེའང་རེད། དེས་ན། ལོ་རིམ་དང་པོའི་སློབ་མས་ཇི་ལྟར་ཀ་མད་སུམ་ཅུ་ཡང་དག་པ་ཞིག་ཤེས་པ་བྱེད་དགོས་ཤེ་ན། སྔོན་ལ་སློབ་མ་རྣམས་སློབ་སྦྱོང་ལ་དགའ་ཞེན་ཡོད་པར་བྱས་ཐོག་བརྩོན་སེམས་དང་སློབ་སྦྱོང་གི་བྱ་ཐབས་བཟང་པོ་དུས་མཚུངས་སུ་གསོ་སྐྱོང་བྱ་དགོས་ལ། རོལ་རྩེད་ཀྱི་ཞོར་དུ་སློབ་ཁྲིད་བྱེད་པའི་ཐབས་ལམ་སྣ་ཚོགས་ལ་བརྟེན་ཏེ་སློབ་མའི་སེམས་ནང་སྤྲོ་སྣང་ལྡན་ཞིང་སུན་སྣང་མེད་པའི་ངང་ནས་ཤེས་བྱ་སྦྱོང་ཐུབ་པར་བྱ་དགོས། གཟུགས་མངོན་ཐད་མཐོང་གི་སློབ་ཁྲིད་བྱ་ཐབས་དེས་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐུབ། བསླབ་དེབ་ཐོག་གི་ཚོན་ཁྲ་ཅན་གྱི་ཡིག་རིས་དེ་དག་གིས་སློབ་མའི་ཡིད་དབང་འགུག་ཐུབ་ལ། སློབ་མས་ཀྱང་རང་འགུལ་ངང་རི་མོ་གང་བྲིས་ཡོད་པ་དང་། དེ་དག་གང་ཡིན་པ་སོགས་བསམ་གཞིགས་དང་གྲོས་བསྡུར་བྱ་ངེས། ཡིག་འབྲུའི་སྟེང་དུའང་སྲོག་ཆགས་དང་རྩི་ཤིང་སོགས་རི་མོ་འདྲ་མིན་བཀོད་ཡོད་པས། ང་ཚོས་རི་མོ་དེ་དག་སྤྱད་དེ་དགོད་བྲོ་བའི་སྒྲུང་ཐུང་བཟོས་ཐོག་སློབ་མར་སྒྲུང་ཐུང་ནང་གི་གཟུགས་བརྙན་འཁྲབ་སྟོན་དང་ལད་མོ་བྱ་རུ་བཅུག་སྟེ་བརྒྱུད་རིམ་དེའི་ནང་ཡིག་འབྲུའི་སྒྲ་གདངས་འདོན་སྟངས་ཡོ་བསྲང་བྱ་དགོས། ཡིག་རིས་ཁོ་ན་ངོས་འཛིན་བྱེད་པའི་ལས་འགན་དེ་དག་དགོད་བྲོ་ཞིང་དོན་སྙིང་ལྡན་པའི་སྒྲུང་ཐུང་འཁྲབ་སྟོན་གྱི་བྱེད་སྒོའི་ཐོག་ནས་འགྲུབ་ཚེ། སློབ་མའི་ཁུར་པོ་ཡང་དུ་གཏོང་ཐུབ་ལ་སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་སྒྲུབ་ཐུབ། དེ་བཞིན་བོད་ཡིག་གི་ཀ་མད་སུམ་ཅུ་ངོས་འཛིན་བྱེད་སྐབས་ང་ཚོས་རང་གི་གཟུགས་པོས་ཡིག་གཟུགས་ཀྱི་ལད་མོ་བྱེད་པའམ་ཡང་ན་ཐད་མཐོང་སློབ་ཆས་ལ་བརྟེན་ཏེ་ཡིག་འབྲུ་ངོས་འཛིན་ཐུབ་པ་བྱེད་དགོས། དཔེར་ན། ཀ་དང་ང་ཡ་ལ་སོགས་པ་ཡི་གེ་ཕལ་ཆེ་བ་རང་གི་གཟུགས་དབྱིབས་ཀྱི་འགྱུར་བ་ལས་ལད་མོ་བྱ་ཐུབ་པས། ཐད་ཀར་མཐོང་ཐུབ་ལ་དགོད་བྲོ་བས་སློབ་མའི་ཡིད་དབང་འཕྲོགས་ཏེ་བློ་ལའང་ངེས་བདེ་པོ་ཡོད།

    གཉིས་པ། སློབ་མ་ཕན་ཚུན་མཉམ་དུ་སློབ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།

    སློབ་མ་མཉམ་དུ་སློབ་སྦྱོང་བྱེད་པའི་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐུབ་མོད། འོན་ཀྱང་ང་ཚོས་ཐབས་ལམ་དེའི་སྤྱོད་ཁོངས་ལ་ཚོད་འཛིན་ནན་པོ་བྱེད་དགོས། མཉམ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་མི་གྲངས་དང་ནང་དོན་སོགས་ལ་ཚོད་འཛིན་དང་འཆར་འགོད་ཡག་པོ་བྱས་ཐོག་དམིགས་བསལ་གྱི་དགོས་མཁོ་ཡོད་དུས་ཞིབ་ཕྲའི་བཀོད་སྒྲིག་བྱེད་དགོས། དེ་ཡང་སློབ་མ་རང་གིས་དོ་ཁུར་ཆེན་པོ་བྱེད་བཞིན་དུ་བརྩོན་པ་ཇི་ལྟར་བྱས་རུང་དེ་ལ་དཔག་པའི་ཤེས་བྱ་ཞིག་ཐོབ་མ་ཐུབ་པའི་སྐབས་སུ་མཉམ་དུ་སློབ་སྦྱོང་བྱེད་པའི་ཐབས་ལམ་སྤྱད་ཚེ་ཤིན་ཏུ་ལེགས། དཔེར་ན། ཁོ་བོས་དེ་སྔ་ལོ་རིམ་དང་པོའི་སློབ་ཚན་འཁྲིད་སྐབས། ཀ་མད་སུམ་ཅུ་དང་སྟབས་བདེའི་མིང་ཚིག་དེ་དག་གཟབ་ནན་ངང་བསླབས་རུང་མཐའ་མར་སློབ་མས་བློ་ལ་ངེས་ཚད་ཞིབ་བཤེར་བྱེད་སྐབས་དངོས་གནས་ཡ་ང་དགོས་པ་ཞིག་འདུག དེས་ན། གུས་མོས་འཛིན་གྲྭ་དང་པོའི་སློབ་མར་སློབ་གསེང་གི་དུས་ཚོད་སྤྱད་དེ་མི་བཞི་རེ་ཚོགས་ཆུང་རེ་བྱས་ནས་ཀ་མད་སུམ་ཅུའི་ཀློག་སྟངས་དང་འབྲི་སྟངས་ཕན་ཚུན་བསླབ་རེས་དགོས་པའི་བཀོད་སྒྲིག་བྱས་པ་དང་། འཛིན་གྲྭ་གཉིས་པར་སློབ་མ་རང་ཉིད་ཀྱིས་རང་འགུལ་ངང་་ནས་ཀ་མད་སུམ་ཅུའི་ཀློག་སྟངས་དང་འབྲི་སྟངས་ཡག་པོ་སྦྱོང་དགོས་པའི་བཀོད་སྒྲིག་བྱས། ཉིན་གཉིས་སོང་རྗེས་ཞིབ་བཤེར་བྱེད་སྐབས་འཛིན་གྲྭ་དང་པོའི་སློབ་མ་རྣམས་ཀྱིས་འབྲི་ཀློག་ཡག་པོ་ཤེས་ནའང་། འཛིན་གྲྭ་གཉིས་པའི་སློབ་མ་རེ་ཟུང་ལ་ཡར་རྒྱས་ཕྲན་བུ་ཡོད་པ་ལས་མང་ཆེ་བ་སྔར་མུས་བཞིན་ཡར་རྒྱས་བྱུང་མེད་པ་རྟོགས། དཔེ་མཚོན་དེ་ལས་མཉམ་དུ་སློབ་སྦྱོང་བྱེད་པའི་སློབ་ཁྲིད་ཐབས་ལམ་སྤྱད་ཚེ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཞེས་པའི་དཔེ་ལྟར། སློབ་ཕྲུག་གི་སྦྱངས་འབྲས་ཇེ་ལེགས་སུ་འགྲོ་བར་ཕན་ཐོགས་ཆེ་བར་མ་ཟད། སློབ་སྦྱོང་ལ་སེམས་ཁྲལ་དང་ངལ་དུབ་མེད་པར་ཤེས་བྱ་དོན་གཉེར་གྱི་འདུན་པ་དང་བློ་སྟོབས་ཀྱང་འཕེལ་བའི་རྒྱུ་རུ་འགྱུར་ཐུབ་པ་གསལ་པོར་ཤེས་ཐུབ།

    གསུམ་པ། སྲོལ་རྒྱུན་དང་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་ཟུང་འབྲེལ་བྱེད་དགོས།

    བོད་སྐད་ཡིག་དགེ་རྒན་རེ་འགའི་སློབ་གསོའི་ལྟ་བ་རྙིང་ཞེན་ཆེ་བས་སློབ་ཁྲིད་ཀྱི་ཐབས་ལམ་ཡང་མཁྲེགས་འཛིན་ཆེ་ལ་རྗེས་སུ་ལུས་ཤིང་། སློབ་མ་ལོ་ན་ཆུང་ལ་མཚར་སྣང་ལྡན་པའི་ཁྱད་ཆོས་ལ་དོ་སྣང་མི་བྱེད་པ་ནི་དེང་སྐབས་ཀྱི་སློབ་ཁྲིད་ཐབས་ལམ་སྒྱུར་བཅོས་ཐད་ཀྱི་འགོག་རྐྱེན་ཆེན་པོ་ཡིན་ཕྱིར། རང་ཅག་སློབ་གསོའི་ལས་ཀ་སྒྲུབ་མཁན་རྣམས་ཀྱིས་ངེས་པར་དུ་ནང་ཀུན་སློང་དང་ཕྱིའི་སྤྱོད་ལམ་གང་ཐད་ནས་ལེགས་ཉེས་བླང་དོར་གྱི་གནད་ལ་མ་འཕྱུགས་པར་བློ་རྒྱ་ཡངས་པོ་དང་ཚན་རིག་གི་ལྟ་བ་ཡང་དག་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་སློབ་གསོའི་ཐབས་ལམ་ནང་འདྲེན་བྱ་དགོས་ཤིང་། རྣམ་གསལ་གྱི་དཔེ་དང་སྦྱར་ནས་བཤད་ན། སློབ་ཁྲིད་ཀྱི་ཐབས་ལམ་ནི་ལྷན་ཅིག་བྱེད་རྐྱེན་ལྟ་བུ་ཡིན་ཏེ། མྱུ་གུ་སྐྱེ་བར་ས་ལུད་ཆུ་དྲོད་སོགས་ལྟ་བུའི་ལྷན་ཅིག་བྱེད་རྐྱེན་མ་ཚང་ན་ཉེར་ལེན་གྱི་རྒྱུ་ས་བོན་ཡོད་ཀྱང་མྱུ་གུ་འབུས་ནས་འབྲས་བུ་ཐོགས་མི་སྲིད་པ་བཞིན། དེང་གི་སློབ་གསོ་རིག་པའི་ཁྲོད་དུའང་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་གལ་ཆེན་དུ་བརྩིས་ནས་དཔེ་ཁྲིད་མི་སྐྱོང་གི་བྱ་བར་འབད་ཀྱིན་ཡོད་པ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་ལ་དེའི་ཕན་འབྲས་ཀྱང་ཕུན་སུམ་ཚོགས་པོ་ཡོད། དེའི་ཕྱིར་རང་ཅག་ལ་མཚོན་ན་ཡང་། དེ་བཞིན་དུ་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་ཐབས་ལམ་སྣ་ཚོགས་ལ་ཁ་མིག་ཡར་ལྟ་དང་སྲོལ་རྒྱུན་གྱི་ཐོས་བསམ་སློབ་གཉེར་གྱི་ལེགས་ཆ་རྒྱུན་འཛིན་བྱས་ན། གྲུབ་འབྲས་སྔར་བས་གཡུར་དུ་ཟ་བ་ཐོབ་ངེས་རེད། དེ་ཡང་གསལ་བར་བཤད་ན། བོད་སྐད་ཡིག་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་གིས་ཤེས་བྱ་ཁོང་དུ་ཆུད་མིན་དང་། སྦྱོང་འདོད་ཡོད་མེད། སློབ་སྦྱོང་གི་བརྩོན་སེམས་སོགས་ལ་མཛུབ་ཁྲིད་དང་རྒྱུས་མངའ་ལེན་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་མ་ཟད། སློབ་ཁྲིད་ཀྱི་ནང་དོན་དང་སློབ་མ། དེ་བཞིན་སློབ་གསོའི་ཆ་རྐྱེན་དང་དགེ་རྒན་རང་ཉིད་ཀྱི་ཁྱད་ཡོན་སོགས་ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཕུལ་དུ་བྱུང་བའི་སློབ་ཁྲིད་ཐབས་ལམ་དང་སྲོལ་རྒྱུན་གྱི་སློབ་ཁྲིད་ཐབས་ལམ་བཟང་པོ་དག་ཟུང་དུ་འབྲེལ་ནས་བོད་སྐད་ཡིག་གི་སློབ་ཁྲིད་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་ནས་སྐད་ཡིག་སློབ་ཁྲིད་ལ་མཁོ་ཞིང་སློབ་མས་དགའ་པོ་བྱེད་པའི་དུས་སྐབས་གསར་པའི་སློབ་གསོའི་ཐབས་ལམ་གསར་པ་དོན་དུ་གཉེར་དགོས།

    མདོར་ན། སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཀྱི་རྨང་གཞིའི་གལ་འགངས་རང་བཞིན་ནི་གང་ཞིག་གིས་ཀྱང་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པས། དགེ་རྒན་ཚོས་ངང་རྒྱུད་རིང་པོས་སློབ་མར་མཛུབ་སྟོན་བྱེད་པ་དང་། ཡུལ་ལུང་དང་མི་རིགས་གཞན་གྱི་སློབ་ཁྲིད་ཐབས་ལམ་ཡག་ཤོས་མིག་དཔེར་བརྩིས་ཏེ་ཤེས་རིག་དགའ་ཚལ་གྱི་སློབ་བུ་ཚོར་མ་བསྐུལ་རང་བརྩོན་གྱིས་གཞན་དང་མཉམ་དུ་སློབ་སྦྱོང་བྱེད་པའི་ནུས་པ་གསོ་སྐྱོང་གང་ལེགས་བྱས་ཐོག སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མའི་སྦྱངས་འབྲས་ཡར་ངོའི་ཟླ་བཞིན་འཕེལ་བར་བྱེད་འོས་སོ།

    (ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་། མིག་དམར་མཚམས་གཅོད)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།