[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ​ འཛིན་གྲྭའི་འགན་འཁུར་དགེ་རྒན་ལ་ལྡན་དགོས་པའི་བྱང་ཚད་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    སྤྱི་ཁྱབ་ཧྲུའུ་ཅིས་ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག་ཅེས་གསུངས་པ་བཞིན། སློབ་གསོ་ནི་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་ཆེས་རྩ་བར་གྱུར་པའི་བྱ་གཞག་ཅིག་ཡིན་པས་ཀུན་གྱིས་སློབ་གསོའི་ལས་དོན་ལ་གཙིགས་ཆེན་བྱེད་ཀྱི་ཡོད། དེ་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཞིག་ལ་ཚད་ལྡན་གྱི་དགེ་རྒན་ཞིག་འཕྲད་པ་ནི་མི་ཚེ་གཅིག་གི་བསོད་བདེ་ཡིན། སློབ་གྲྭ་ཞིག་ལ་ཚད་ལྡན་གྱི་དགེ་རྒན་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་ཡིན། མི་རིགས་ཤིག་ལ་ཚད་ལྡན་གྱི་དགེ་རྒན་རབ་དང་རིམ་པར་ཐོན་པ་ནི་མི་རིགས་ཀྱི་རེ་བ་ཡིན་ཞེས་གསུངས་པ་ལྟར། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གིས་སློབ་གསོའི་ལས་དོན་ཡག་པོ་གཉེར་དགོས་ན་དང་ཐོག་སློབ་གསོའི་བྱ་གཞག་གི་འཐབ་ས་མདུན་མའི་ལས་ལ་གཞོལ་བཞིན་པའི་དགེ་རྒན་གྱི་དཔུང་ཁག་ཚད་ལྡན་ཞིག་འཛུགས་སྐྱོང་བྱེད་དགོས། སློབ་གྲྭ་ཞིག་ལ་ཆ་མཚོན་ན། ཕུལ་བྱུང་གི་སློབ་མ་རབ་དང་རིམ་པ་གསོ་སྐྱོང་བྱེད་པར་རིག་ཚན་མི་འདྲ་བའི་ལས་སྒོར་བྱང་ཆུབ་ཅིང་། རང་དཔེ་གཞན་སྟོན་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་དགོས་ལ། སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་མིག་དཔེ་དང་སློབ་གསོའི་ནུས་པ་འདོན་ཐུབ་པའི་ཚད་ལྡན་གྱི་འགན་འཁུར་དགེ་རྒན་གྱི་དཔུང་ཁག་ཅིག་དེ་བས་ཡོད་དགོས། འགན་འཁུར་དགེ་རྒན་ནི་སློབ་མའི་སློབ་སྦྱོང་ཙམ་མ་ཟད། ཀུན་སྤྱོད་སློབ་གསོ་དང་། སེམས་ཁམས་དང་གཟུགས་གཞི་བདེ་ཐང་ལ་སོགས་སློབ་མའི་ཕྱོགས་ཀུན་ལ་ཁྲིད་སྟོན་བྱེད་མཁན་དེ་ཡིན་པས། སློབ་གྲྭ་ཞིག་ལ་ཚད་ལྡན་གྱི་འགན་འཁུར་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་མེད་དེས་ཐད་ཀར་སློབ་གྲྭའི་སློབ་གསོའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་ན། སློབ་གྲྭ་ཞིག་གིས་ཚད་ལྡན་གྱི་འགན་འཁུར་དགེ་རྒན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས། གུས་མོས་སློབ་གསོའི་བྱ་གཞག་གི་འཐབ་ས་མདུན་མར་ལོ་མང་འགན་འཁུར་དགེ་རྒན་བྱས་པའི་ཉམས་མྱོང་ལ་བརྟེན་ནས། ཚད་ལྡན་གྱི་འགན་འཁུར་དགེ་རྒན་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་གླེང་བར་འདོད།

    དང་པོ། འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཕོད་པའི་བསམ་པ་ཡོད་དགོས།

    འཛིན་གྲྭའི་འགན་འཁུར་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། རིགས་མི་འདྲ་བའི་ལས་སྣེ་མང་པོ་སྒྲུབ་དགོས་ཀྱི་ཡོད། དེ་ཡང་། སློབ་ཕྲུག་ལ་ཤེས་བྱ་ཡོན་ཏན་སློབ་སྐབས་དགེ་རྒན་གྱི་ངང་ཚུལ་བཟུང་དགོས་པ་དང་། སློབ་མ་ནད་ཀྱི་མནར་བའམ་འཚོ་བའི་ཐད་དཀའ་ངལ་འཕྲད་སྐབས་ཕ་མའི་འདུ་ཤེས་འཛིན་ནས་སློབ་ཕྲུག་ལ་ཤ་ཚའི་ཐོག་ནས་རོགས་རམ་བྱེད་དགོས། དེ་བཞིན་སློབ་ཕྲུག་དང་འཚོ་བའམ་སློབ་སྦྱོང་སྐོར་གྱི་གནས་ཚུལ་བགྲོ་གླེང་བྱེད་སྐབས། འགན་འཁུར་དགེ་རྒན་ནི་སློབ་མའི་གྲོགས་པོ་བཟང་པོ་ཞིག་དང་འདྲ་བར་གང་བསམ་ལྷུག་གླེང་བྱེད་དགོས་ཀྱི་ཡོད། དེ་ལྟར་འགན་འཁུར་དགེ་རྒན་ནི་སློབ་མའི་ལུས་ཐོག་ཏུ་ཐོན་པའི་གནས་ཚུལ་ཕྲ་རགས་ཀུན་ལ་ལྟ་རྟོག་བྱེད་མཁན་ཞིག་དང་དེ་བས་གནད་དོན་དེ་དག་ཐག་གཅོད་བྱེད་མཁན་ཞིག་ཡིན་པས། ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ལྕི་པོ་དེ་དང་དུ་ལེན་ཕོད་པའི་བསམ་པ་ཞིག་མེད་ན། སློབ་མའི་ཁྲོད་དུ་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་རྙོག་འཛིང་ཆེ་བའི་གནད་དོན་དག་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་འབྱུང་མི་སྲིད་ལ། དེ་བས་གནད་དོན་དེ་དག་འཕྲལ་མར་ཐག་གཅོད་བྱེད་མ་ཐུབ་པར་འཛིན་གྲྭ་ཐུན་མོང་གི་སྒྲིག་ལམ་དང། འཆམ་མཐུན། ཡར་རྒྱས་སོགས་ཕྱོགས་གང་ཅིར་འཐུས་ཤོར་ཕྱིན་ནས་ཐུན་མོང་གི་འཛིན་གྲྭ་དེ་རིམ་བཞིན་མཉམ་སྡེབ་ཀྱི་འདུ་ཤེས་བྲལ་བའི་ཟང་ཟིང་གི་ཁོར་ཡུག་ཅིག་ཏུ་འགྱུར་རྒྱུར་གདོན་མི་ཟ།

    དེས་ན། འགན་འཁུར་དགེ་རྒན་གྱི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་དེ་དག་བདེ་བླག་ངང་ལེགས་གྲུབ་བྱེད་དགོས་ན། དང་ཐོག་འགན་འཁྲི་དེ་དག་དང་དུ་ལེན་ཕོད་པའི་བསམ་པ་ཞིག་ཡོད་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ། སློབ་གསོའི་ཁོངས་གཏོགས་སྡེ་ཚན་དང་སློབ་གྲྭས་འགན་འཁུར་དགེ་རྒན་གྱི་འགན་འཁྲིའི་བསམ་པ་སྐྱེད་སྲིང་ཐད་མཐོང་ཆེན་བྱེད་དགོས་ལ། ལག་ལེན་དངོས་ཀྱི་ཐོག་ནས་འགན་འཁུར་དགེ་རྒན་གྱི་འགན་འཁྲིའི་བསམ་པ་སྐྱེད་སྲིང་ལ་ཕན་པའི་ཆེད་དོན་འཆད་ཁྲིད་དང་གསོ་སྦྱོང་སོགས་མང་ཙམ་གཉེར་རྒྱུ་གལ་འགངས་ཆེན་པོ་ཡོད།

    གཉིས་པ། ལུས་ངག་གི་ཀུན་སྤྱོད་གཙང་མ་ཞིག་དགོས།

    ས་པཎ་མཆོག་གིས“གཙང་མཁས་གཞན་ལ་ཕན་པར་འདོད། །ཚུལ་ཁྲིམས་དག་པས་ལུས་ངག་གཙང་། །ཤེས་རབ་དག་པས་ལུང་རིགས་མཁས། །ལྷག་བསམ་དག་པས་གཞན་ལ་ཕན།།”ཞེས་དགེ་རྒན་ལ་མཚན་ཉིད་དེ་ལྟར་བཞག་ཡོད། མཚན་ཉིད་དེའི་ནང་མཁས་དབང་ཁོང་གིས་དགེ་རྒན་ལ་འཛོམས་དགོས་པའི་ཆ་རྐྱེན་གསུམ་བསྟན་ཡོད་དེ། ཀུན་སྤྱོད་གཙང་མ་དང་། ཤེས་བྱ་ལ་མཁས་པ། གཞན་ཕན་གྱི་བསམ་པ་བཅས་སོ། འགན་འཁུར་དགེ་རྒན་གྱི་འགན་འཁྲི་ནི་དགེ་རྒན་གཞན་ལས་ལྷག་པར་ལྕི་བ་སྨྲོས་མེད་ཡིན་ལ། དེ་བས་སློབ་མ་དང་། སློབ་མའི་ཁྱིམ་བདག་དང་འབྲེལ་བ་བྱེད་མང་ཤོས་དེ་ཡང་ཡིན་པས། འགན་འཁུར་དགེ་རྒན་ལ་གོང་གསལ་ཆ་རྐྱེན་གསུམ་ལས་ཀུན་སྤྱོད་གཙང་མའི་ཆ་རྐྱེན་དེ་ངེས་པར་དུ་འཛོམས་དགོས་པ་ཞིག་ཡིན། ས་པཎ་མཆོག་གིས་དགེ་རྒན་གྱི་མཚན་ཉིད་དེ་བསྟན་སྐབས་ཀུན་སྤྱོད་གཙང་མའི་སྐོར་ཨང་དང་པོར་འཇོག་དགོས་དོན་ཡང་ཀུན་སྤྱོད་ནི་དགེ་རྒན་ཙམ་མ་ཟད། མི་སྤྱིར་ལྡན་དགོས་པའི་མ་མཐའི་བྱང་ཚད་ཅིག་ཡིན་ཞིང་། དེ་ནི་མི་ཞིག་ལ་ལྡན་པའི་ལས་སྒོའི་འཇོན་ཐང་ལས་གལ་འགངས་ཆེ་བའི་གནས་བབ་ཏུ་འཇོག་དགོས། འགན་འཁུར་དགེ་རྒན་གྱི་ལུས་ངག་གི་ཀུན་སྤྱོད་གཙང་མ་དང་བྲལ་ན། གང་ཞིག་གསེར་གྱི་རི་ལ་གནས་བཅའ་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར། །གང་ཞིག་དུག་གི་རི་ལ་གནས་བཅའ་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་གྱུར་ཞེས་པའི་དཔེ་བཞིན། འགན་འཁུར་དགེ་རྒན་དེ་ཡིས་གསོ་སྐྱོང་བྱས་པའི་སློབ་མའི་ཀུན་སྤྱོད་ཀྱང་གཙང་མ་ཞིག་གང་ནས་འབྱུང་སྲིད། དཔེར་ན། འགན་འཁུར་དགེ་རྒན་གྱི་ངག་གི་ཀུན་སྤྱོད་གཙང་མ་མེད་པར་རྟག་ཏུ་སློབ་མར་མིང་འདོགས་ཁོ་ནས་འབོད་པའམ་ཡང་ན་ཁོ་རེ་དང་མོ་རེ་ཞེས་མ་རབས་ཀྱི་སྒོ་ནས་འབོད་ཚེ། ལད་ཟློས་ལ་ཤིན་ཏུ་མོས་པའི་སློབ་མའི་རྒྱུད་ལ་དེ་ལྟའི་གོམས་གཤིས་འཇགས་ཏེ། སློབ་མ་ཕན་ཚུན་མིང་འབོད་སྐབས་ཁོ་རེ་དང་མོ་རེ་ཁོ་ན་བརྗོད་པ་དང་། ཡང་ན་སློབ་མ་ཕན་ཚུན་དབར་མིང་འདོགས་བཏགས་ཏེ་རྟག་ཏུ་མིང་འདོགས་ནས་འབོད་སྲོལ་ཆགས་ཏེ། མཐའ་མར་སློབ་མ་ཕན་ཚུན་གྱི་མིང་ངོ་མར་གང་ཟེར་མིན་ཡང་བརྗེད་འགྲོ་བའི་ངུ་མ་དགོད་ཀྱི་མཇུག་འབྲས་ཐོན་གྱི་ཡོད། དེ་ལས་ལྡོག་སྟེ། འགན་འཁུར་དགེ་རྒན་གྱི་ངག་གི་ཀུན་སྤྱོད་རབ་ཏུ་གཙང་ཞིང་། རྟག་ཏུ་ཡ་རབས་དང་ཞེ་སའི་ལམ་ནས་སློབ་མར་ཁ་བརྡ་བྱེད་མཁན་ཞིག་ཡིན་ཚེ། དེས་གསོ་སྐྱོང་བྱས་པའི་སློབ་མ་དེ་དག་ཀྱང་རིམ་བཞིན་ཡ་རབས་བཟང་པའི་གཏམ་ལ་དགའ་བར་གྱུར་ནས། ཕན་ཚུན་དབར་རང་རང་གི་ཕ་མས་བཏགས་པའི་མིང་ནས་འབོད་པ་མ་ཟད། རྒན་རབས་རྣམས་ལ་སྤོ་བོ་ལགས་དང་རྨོ་བོ་ལགས་ཞེས་ཞེ་སའི་ལམ་ནས་འབོད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་སྲིད།

    འགན་འཁུར་དགེ་རྒན་གྱི་ངག་གི་ཀུན་སྤྱོད་ཀྱིས་སློབ་མའི་རྒྱུད་ལ་ཤུགས་རྐྱེན་ཆེན་པོ་དེ་ལྟར་ཐེབས་ཀྱི་ཡོད་ན། ལུས་ཀྱི་ཀུན་སྤྱོད་ཀྱིས་སློབ་མའི་རྒྱུད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། འགན་འཁུར་དགེ་རྒན་གྱི་ལུས་ཀྱི་གྱོན་པ་དང་། སྐྲའི་བཟོ་ལྟ་ལ་སོགས་ཕྱི་ཡི་རྣམ་པ་ནི་སློབ་མས་ཉིན་ལྟར་མིག་གིས་མཐོང་ཆོས་སུ་གྱུར་ལ། ལུས་ཀྱི་བྱ་སྤྱོད་ཕྲ་རགས་ཀུན་ལ་སློབ་མས་མིག་ཟུང་ཧྲིག་ཧྲིག་ཏུ་བལྟས་ནས་ཡོད་པས། དགེ་རྒན་སྤྱི་དང་ལྷག་དོན་སློབ་མ་དང་འབྲེལ་འདྲིས་ཆེ་བའི་འགན་འཁུར་དགེ་རྒན་གྱིས་སྤྱི་ཚོགས་ཀྱི་གོམས་སྲོལ་ལས་འདས་པའི་གྱོན་པ་འདྲ་མིན་གྱོན་པ་དང་། སྐྲ་ལ་མངོན་ཆེ་བའི་ཚོས་བྱུགས་པའམ་ཡང་ན་བཟོ་ལྟ་ཁྱད་མཚར་བཟོས་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་འཇུག་པ་ནི་འཛེམས་བྱ་ཞིག་ཏུ་ངོས་འཛིན་དགོས། དཔེར་ན། དེ་སྔོན་ཤང་ཞིག་གི་དགེ་རྒན་སྐྱེས་པ་ཞིག་གིས་ལྟག་རྒྱབ་ཏུ་སྐྲ་རིང་མོ་བསགས་ནས་ཕྲག་སྟེང་དུ་གློད་ཡོད་པས། སློབ་མ་མང་པོས་ཚུལ་དེར་ལད་མོ་བྱེད་ཆེད་ལྟག་རྒྱབ་ཏུ་སྐྲ་མང་པོ་བསགས། ནམ་ཞིག་ཤང་དེའི་སློབ་མ་དེ་དག་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དུ་སླེབས་སྐབས། རྫི་རྣོ་བའི་དགེ་རྒན་ཞིག་གིས་ཡུལ་དེ་ནས་ཡོང་པའི་སློབ་མ་བུ་དེ་དག་ལ་ལྟག་རྒྱབ་ཏུ་སྐྲ་རིང་བཞག་པའི་གཅིག་གྱུར་ཁྱད་ཆོས་ཤིག་ཡོད་པ་ཤེས་ཏེ། སྐད་ཆ་འདྲི་སྐབས། སློབ་མ་དེ་དག་གིས་ང་ཚོའི་སློབ་ཆུང་དགེ་རྒན་ག་གེ་མོས་སྐྲ་དེ་ལྟར་བཞག་ཡོད་ཅེས་བརྗོད། ང་ཚོས་དོན་དངོས་སུ་བྱུང་བའི་དཔེ་དེ་ལས་དགེ་རྒན་གྱི་ལུས་ཀྱི་རྣམ་པས་སློབ་མར་ཐེབས་པའི་ཤུགས་རྐྱེན་གྱི་ཚད་གཞི་དཔོག་ནུས་པས། དགེ་རྒན་སྤྱི་དང་ལྷག་དོན་དུ་འགན་འཁུར་དགེ་རྒན་གྱིས་རང་ཉིད་ཀྱི་ལུས་ངག་གི་ཀུན་སྤྱོད་གཙང་མ་ཞིག་སྲུང་རྒྱུ་ནི་གལ་འགངས་དེ་བས་ཆེ།

    གསུམ་པ། བདེ་ཐང་གི་ལུས་སེམས་ཤིག་ཡོད་དགོས་པ།

    དོན་དངོས་ཀྱི་སློབ་གསོ་སློབ་ཁྲིད་ཁྲོད་དུ་འགན་འཁུར་དགེ་རྒན་ལ་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད་སྲིད། དཔེར་ན། ལས་ཀའི་གནས་ཚུལ་བཀོད་སྒྲིག་ལུགས་མཐུན་མ་བྱུང་བ་དང་། འཛིན་གྲྭ་ཕན་ཚུན་ལ་བཏང་སྙོམས་ཀྱི་ལྟ་སྟངས་མི་འཛིན་པ། སློབ་མ་ཕན་ཚུན་དབར་ལ་རྩོད་གཞི་བྱུང་བ། དེ་བཞིན་སློབ་མའི་ནོར་འཁྲུལ་དང་སྐྱོན་ཆར་བལྟོས་ནས་ཁྱིམ་བདག་དང་སློབ་མ་རང་ངོས་ལ་སྐྱོན་བརྗོད་བྱས་པར་ཁྱིམ་བདག་གིས་དང་ལེན་མི་ཐུབ་པ་ལ་སོགས་པའི་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད། དེ་ལྟ་བུའི་གནས་ཚུལ་གང་མང་ཞིག་གིས་འགན་འཁུར་དགེ་རྒན་གྱི་ལུས་སེམས་ལ་གནོན་ཤུགས་སྤྲོད་སྲིད་ལ། འཚོ་བ་དང་ལས་ཀའི་ཁྲོད་ཀྱི་སྣང་ཚུལ་འདྲ་མིན་ལས་བྱུང་བའི་སེམས་ཁམས་ཀྱིས་ལས་ཀར་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། འགན་འཁུར་དགེ་རྒན་རང་ངོས་ནས་གནས་ཚུལ་དེ་དག་ལ་ཁོང་ཡངས་དཀྱེལ་ཆེའི་ལྟ་སྟངས་འཛིན་ནས་རང་ཉིད་ཀྱི་སེམས་ཁམས་གཙང་མ་བཟོས་ཏེ། རང་ཉིད་ལ་དགའ་སྤྲོ་འཁོལ་བའི་ལས་ཀའི་ཁོར་ཡུག་ཅིག་བཏོད་ནས། དགའ་བ་དང་བདེ་ཐང་གི་བསམ་པ་ཞིག་འཆང་སྟེ་སློབ་ཁང་ནང་འཛུལ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་བཞིན་དུ་འགན་འཁུར་དགེ་རྒན་ལ་བདེ་ཐང་གི་ལུས་པོ་ཞིག་ཡོད་དགོས། གང་ཡིན་ཟེར་ན། བདེ་ཐང་གི་ལུས་པོ་ནི་མི་ཞིག་གི་ལས་ཀ་དང་འཚོ་བའི་གཞི་རྩའི་འགན་སྲུང་ཡིན། འགན་འཁུར་དགེ་རྒན་གྱིས་སློབ་གྲྭའི་ནང་དགེ་རྒན་གཞན་ལས་ལྷག་པར་མང་བའི་ལས་ཀ་བྱེད་དགོས་ཀྱི་ཡོད་པས། དཀའ་ངལ་ཆེན་པོ་ཡོད་པ་ནི་སྨྲོས་མེད་རང་རེད། ལྷག་པར་དུ་ཞག་སྡོད་སློབ་མའི་འགན་འཁུར་དགེ་རྒན་ཡིན་ཚེ། མཚན་མོ་ཉལ་བའི་དུས་ཚོད་ཕུད། དེ་མིན་དུས་ཀྱི་ཁོམ་པ་ཡོད་ཚད་སློབ་མ་དང་འགྲོགས་དགོས་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད་པས། དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀྱིས་རང་ཉིད་ཀྱི་ལུས་ཀྱང་ངལ་ཞིང་དུབ་པར་འགྱུར་རྒྱུར་ཐེ་ཚོམ་ཅི། གལ་སྲིད། དཀའ་ཚེགས་དབང་གིས་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་ལ་ལྷོད་གཡེང་ཤོར་ནས་ནད་གཞི་འབྱུང་ཚེ། ཐད་ཀར་སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཕྱོགས་གང་ཅིར་ཤུགས་རྐྱེན་ཐེབས་སྲིད་ལ། རང་ཉིད་ཀྱི་ནང་མིར་ཡང་སེམས་ཁྲལ་བཟོ་སྲིད་པས། གཟུགས་གཞི་བདེ་ཐང་ཐད་ངེས་པར་དུ་ཡིད་འཇོག་བྱེད་དགོས།

    མདོར་ན། དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་བཀོད་པ་ཞིག་ཡིན་ལ། འགན་འཁུར་དགེ་རྒན་ནི་རྣམ་ཤེས་ཀྱི་བཟོ་བཀོད་པ་ཙམ་མ་ཟད། སློབ་མའི་ཕྱོགས་ཀུན་གྱི་བཟོ་བཀོད་པ་ཡིན་པས། ངེས་པར་དུ་ཕྱོགས་ཀུན་གྱི་བྱང་ཚད་འཛོམས་དགོས། ཡིན་ནའང་། འདི་གར་གུས་མོས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་འགན་འཁུར་དགེ་རྒན་ལ་འཛོམས་དགོས་པའི་ཕྱོགས་གསུམ་ཐད་ཀྱི་བྱང་ཚད་དམ་ཆ་རྐྱེན་རགས་ཙམ་གླེང་བ་ཡིན་པས། ནོར་དང་འཁྲུལ་བའི་གནད་ལ་ལྷག་བསམ་རྣམ་པར་དག་པའི་དགེ་བའི་བཤེས་གཉེན་ཚོགས་དང་གཟུར་གནས་སྐྱེ་བོའི་ཚོགས་ཀྱིས་བཀའ་སློབ་གང་མང་གནང་བའི་རེ་བ་ཞུ་རྒྱུ་ཡིན།(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་། པད་མ་ཆོས་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།