[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • རྒྱ་བོད་གཏམ་དཔེ་སྒྱུར་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-11

    གཏམ་དཔེ་ནི་མི་རིགས་སོ་སོའི་འཚོ་བའི་གོམས་འདྲིས་དང་རིག་གནས་ཀྱི་རྣམ་པ་སོགས་དང་འབྲེལ་བ་དམ་པོ་ཡོད་ལ། མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཁ་བརྡ་དང་ཡང་ན་གསར་རྩོམ་ལ་འཇུག་པའི་རྩོམ་པ་པོ་གང་ཡིན་རུང་། གཏམ་དཔེར་བརྗོད་དོན་གསལ་བར་སྟོན་པའམ་ཡང་ན་རྗོད་ཚིག་མཛེས་པར་བྱེད་པའི་ནུས་པ་ལྡན་ཡོད། རྒྱ་བོད་གང་ལ་མཚོན་ནའང་གཏམ་དཔེ་ནི་ཧ་ཅང་གལ་ཆེ་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པས། རྒྱ་བོད་ཡིག་སྒྱུར་སྐབས་སུ་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། གཏམ་དཔེ་དག་ལེགས་པར་སྒྱུར་ཐུབ་ན། མ་ཡིག་གི་ནང་དོན་ཡང་དག་པར་སྟོན་ཐུབ་པ་མ་ཟད། བུ་ཡིག་གི་ཚིག་དོན་གསལ་ཞིང་གོ་བདེ་ལ། རྗོད་བྱེད་ཚིག་ཀྱང་ཤིན་ཏུ་སྙན། གཏམ་དཔེ་ཡིག་སྒྱུར་སྐབས་རིག་གནས་ཀྱི་རྒྱབ་ལྗོངས་ལ་རྒྱུས་མངའ་གཏིང་ཟབ་ལེན་དགོས་པ་མ་ཟད། ད་དུང་གཏམ་དཔེ་སྒྱུར་བའི་ཐབས་ལམ་ལའང་དོ་སྣང་བྱས་ཏེ། གང་ལ་དེ་འཚམ་གྱི་ཐབས་ཤེས་སྤྱད་ནས་བསྒྱུར་ན་ད་གཟོད་འགྱུར་ཡིག་སྤུས་དག་ཅིག་འབྱུང་སྲིད།

    དང་པོ། རིག་གནས་བར་གྱི་མཐུན་དང་མི་མཐུན་པའི་ཆ་ལ་དོ་སྣང་བྱེད་དགོས།

    གཏམ་དཔེ་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྤྱི་ཚོགས་ཀྱི་འགྲོ་འོང་སོགས་ལས་བྱུང་བའི་ཚིག་ཉུང་ལ་དོན་བསྡུས་པའི་སྐད་ཆའི་གཏེར་མཛོད་ཅིག་ཡིན་ལ། མི་རིགས་གང་འདྲ་ཞིག་གི་གཏམ་དཔེ་ཡིན་རུང་། དེར་མི་རིགས་གང་དེའི་ལོ་རྒྱུས་དང་རིག་གནས། རིན་ཐང་ལྟ་བ། ཡུལ་སྲོལ་གོམས་གཤིས་སོགས་འདུས་ཡོད། སྤྱིར་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་རྣམ་པར་མཐུན་དང་མི་མཐུན་པའི་ཆ་གཉིས་ཀ་ལྡན་པས། དེས་ན་གཏམ་དཔེ་ཡིག་སྒྱུར་བྱེད་སྐབས་མཐུན་པའི་ཆ་ལ་རྒྱ་བོད་གཉིས་ཀའི་སྐད་ཆའི་ཁྲོད་ཀྱི་བསྟན་དོན་ཡོངས་སུ་མཐུན་པའམ་ཡང་ན་ཧ་ལམ་འདྲ་བའི་གཏམ་དཔེ་དྲངས་ནས་བསྒྱུར་དགོས་ཤིང་། མི་མཐུན་པའི་ཆ་ལ་ཐད་སྒྱུར་དང་དོན་སྒྱུར། གཡར་སྒྱུར་སོགས་གང་འཚམ་གྱིས་སྤྱོད་དགོས། དཔེར་ན། “太阳从西边出来”ཞེས་པ་བོད་སྐད་ལའང“ཉི་མ་ནུབ་ནས་ཤར”ཞེས་ཟེར་སྲོལ་ཡོད་པས། དེ་ལྟའི་གཏམ་དཔེ་ནི་རྒྱ་བོད་མི་རིགས་ཀྱི་སྐད་ཆའི་ཁྲོད་དུ་ཚིག་དོན་དང་ཤུགས་ཀྱི་བསྟན་དོན་སོགས་གཅིག་མཚུངས་ཡིན་པ་རེད། ཡང་དཔེར་ན། “红光满面, 赤胆忠心, 一片赤心”ལྟ་བུར་མཚོན་ན། རྒྱ་རིགས་ནི་ཁ་དོག་དམར་པོར་ཤིན་དུ་དགའ་ཞིང་། ཁ་དོག་དམར་པོ་ནི་རབ་དང་བཀྲ་ཤིས་པ། ལྷག་བསམ་དག་པ་སོགས་ཀྱི་མཚོན་བྱེད་དུ་འཇོག རང་རེའི་བོད་ཀྱི་རིག་གནས་ཁྲོད་དམར་པོ་ནི་བཀྲ་ཤིས་པ་དང་སེམས་པ་རྣམ་དག་གི་མཚོན་རྟགས་སུ་མི་འཇོག་པར། ཁ་དོག་དཀར་པོ་ལྷག་བསམ་རྣམ་དག་གི་མཚོན་རྟགས་སུ་སྦྱོར་བའི་སྲོལ་ཧ་ཅང་མང་བས། “赤心”ལ་ལྷག་བསམ་རྣམ་དག་ཅེས་བསྒྱུར་ན་ལེགས། ཡང“不见棺材不落泪”ལྟ་བུ་ནི་རྒྱ་མི་རིགས་ཀྱི་དུར་འཇུག་བྱེད་སྲོལ་དང་འབྲེལ་བ་དམ་ཟབ་ལྡན་ཞིང་། མི་གྲོངས་རྗེས་རོ་སྒམ་དུ་བཅུག་ནས་ས་ལ་སྦས་པའི་སྲོལ་ཧ་ཅང་དར། བོད་མི་རིགས་ལ་མཚོན་ན། མི་གྲོངས་རྗེས་བྱ་དུར་དང་ཆུ་དུར། ཞུགས་འབུལ་སོགས་ཀྱི་སྲོལ་དར་ཁྱབ་ཆེ་བ་ལས། རོ་སྒམ་ལ་བཅུག་ནས་ས་ལ་སྦས་པའི་སྲོལ་ཅུང་དར་ཁྱབ་ཆུང་བས། བསྒྱུར་དུས་སུ་བོད་རང་གི་རིག་གནས་དང་བསྟུན་ནས“དམྱལ་བ་མ་མཐོང་ན། སངས་རྒྱས་ལ་ཡིད་མི་ཆེས”ཞེས་བསྒྱུར་ན་ཅུང་ལེགས། རྒྱ་བོད་ཀྱི་གཏམ་དཔེ་ཡིག་སྒྱུར་སྐབས་སུ་རིག་གནས་ལ་མཐུན་དང་མི་མཐུན་པའི་ཆ་གང་རུང་མཆིས་པས། རིག་གནས་ཀྱི་རྒྱབ་ལྗོངས་དང་བསྟན་དོན་སོགས་ལ་བསམ་བློ་ཞིབ་མོ་བཏང་ནས་བསྒྱུར་བ་ལས་གང་འདོད་དུ་བསྒྱུར་ན་འགྱུར་ཡིག་ཡག་པོ་ཡོང་རྒྱུ་ལྟ་ཅི། རང་གཞན་མཐའ་དག་འཁྲུལ་བའི་ལམ་དུ་ཁྲིད་ཀྱང་སྲིད།

    གཉིས་པ། གཏམ་དཔེ་ཐད་སྒྱུར་བྱེད་ཐབས།

    ཐད་སྒྱུར་ནི་རྒྱ་བོད་གཏམ་དཔེ་གཉིས་ཀྱི་གོ་དོན་འདྲ་བའམ་ཡང་ན་གོ་དོན་ཆ་འདྲ་བའི་སྐབས་སུ་སྤྱོད་ཆོག་པའི་ཐབས་ཤིག་ཡིན་ཏེ། རྒྱའི་གཏམ་དཔེ“青黄不接”དང་བོད་ཀྱི་གཏམ་དཔེ“སྐྱ་ཟད་སྔོ་ཐུག”གཉིས་ཀ་ནི་ཡུལ་ལ་མུ་གེ་བྱུང་བའམ། འཚོ་བ་ཤིན་ཏུ་སྐྱོ་བའི་རྣམ་པ་མཚོན་པས། གཏམ་དཔེ་འདི་གཉིས་ཀྱི་བསྟན་དོན་དང་རྣམ་པ་རྦད་དེ་གཅིག་མཐུན་ཡིན་སྟབས་ཐད་ཀར་སྒྱུར་ཆོག་ལ། སྒྱུར་ཐབས་འདི་ལ་ཐད་སྒྱུར་ཞེས་ཟེར། རྒྱ་བོད་གཉིས་ཀྱི་སྐད་ཆའི་ཁྲོད་བསྟན་དོན་དང་རྣམ་པ་གཉིས་རྦད་དེ་གཅིག་མཐུན་ཡིན་པའི་གཏམ་དཔེ་ཧ་ཅང་མང་པོ་ཡོད། “忠言逆耳利于行”ལྟ་བུར“ཤ་ཚའི་ཁ་ལ་གཏམ་སྙན་མེད”ཅེས་པ་དང་། “善有善报,恶有恶报”ཞེས་པར“བཟང་པོར་བཟང་ལན་དང་ངན་པར་ངན་ལན”ཞེས་པ་སོགས་བསྟན་དོན་ཕྱོགས་ཡོངས་ནས་མཚུངས་པའམ་ཡང་ན་ཕལ་ཆེར་མཚུངས་པའི་གཏམ་དཔེར་ཐད་སྒྱུར་བྱས་ན། མ་ཡིག་གི་ནང་དོན་དང་བརྡ་སྤྲོད་ཀྱི་ནུས་པ་སོགས་མི་ཉམས་པར་སྟོན་ནུས།

    གསུམ་པ། གཏམ་དཔེ་དོན་སྒྱུར་བྱེད་ཐབས།

    དོན་སྒྱུར་ལ་ཚང་དགོས་པའི་ཆ་རྐྱེན་གསུམ་ནི་གཅིག་ནས་འགྱུར་བྱེད་བུ་ཡིག་གི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་དགོས་པ་དང་། གཉིས་ནས་མ་ཡིག་གི་གོ་དོན་དང་མི་འགལ་བ། གསུམ་ནས་འགྱུར་ཡིག་གོ་བདེ་བ་བཅས་ཡིན་དགོས་ཤིང་། དོན་སྒྱུར་ནི་མ་ཡིག་གི་བསྟན་དོན་གཙོ་བོར་བཟུང་བ་མ་ཟད། ད་དུང་མ་ཡིག་གི་ཚིག་ངོས་ཀྱི་དོན་ཙམ་མ་ཡིན་པར། མ་ཡིག་གི་རིག་གནས་ཀྱི་རྒྱབ་ལྗོངས་དང་བསྟན་དོན་སོགས་ལ་བསྟུན་ཅི་ཐུབ་བྱེད་པའི་ཐབས་ཤིག་ཡིན། རྒྱའི་གཏམ་དཔེ་སྟེ། “胸有成竹”ལྟ་བུ་ལ་མཚོན་ན་ཐད་སྒྱུར་གྱི་ཐབས་ལ་བརྟེན་ནས“ཁོག་ཏུ་སྨྱུག་མ་ཡོད”ཞེས་བསྒྱུར་ན་དོན་གསལ་པོར་སྟོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་གོ་དོན་ལོག་པར་སྟོན་སྲིད། དེ་བས“བྱ་བ་སྒྲུབ་པའི་གདེང་ཚོད་ཡོད”ཅེས་དོན་སྒྱུར་རམ་ཡང་ན“གངས་དཀར་སེམས་ན་རྟ་མེད་ན། ཕུ་ཐུང་ནང་དུ་སྲབ་མི་འཇུག”ཅེས་ཆ་འདྲ་བའི་གཏམ་དཔེ་བཀོད་ན་ལེགས། ལོ་ཙཱའི་སྐབས་སུ་གཏམ་དཔེ་འགའ་ནི་ཐད་སྒྱུར་བྱས་པ་ཙམ་གྱིས་ནང་དོན་གསལ་བོར་སྟོན་ནུས་ལ། ཡང་འགའ་ཤས་ངེས་པར་དུ་དོན་སྒྱུར་གྱི་ཐབས་ལ་བརྟེན་དགོས། གང་ཡིན་ཞེ་ན། གཅིག་ནས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་གཏམ་དཔེ་ལ་ཡང་མི་རིགས་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། དོན་སྒྱུར་གྱི་ཐབས་ལ་བརྟེན་ན་མ་ཡིག་གི་སྐད་ཆའི་ཉམས་ཅུང་ལེགས་པར་སྟོན་ནུས། གཉིས་ནས་གཏམ་དཔེར་སྤྱིར་ན་བསྟན་དོན་གསལ་བར་བྱེད་པའི་ནུས་པ་ལྡན་ལ། དཔེར་བརྗོད་རང་བཞིན་ཤས་ཆེ་བས་སྐབས་འགར་ནང་དོན་ལ་གཞིགས་ནས་དཔེ་ཅན་གྱི་བསྟན་དོན་གང་ཡིན་དོན་སྒྱུར་བྱས་ན་ཚིག་དོན་གསལ་པོར་སྟོན་ནུས།

    བཞི་པ། གཏམ་དཔེ་གཡར་སྒྱུར་བྱེད་ཐབས།

    གཡར་སྒྱུར་ནི་གཏམ་དཔེ་ཡིག་སྒྱུར་ཁྲོད་ཀྱི་སྒྱུར་ཐབས་གལ་ཆེན་ཞིག་ཡིན་ཏེ། གཏམ་དཔེ་མང་པོར་མི་རིགས་ཀྱི་ཁྱད་ཆོས་དང་། རིག་གནས་ཀྱི་ཁྱད་ཆོས། གཏམ་རྒྱུད་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར། འདིའི་རིགས་ཐད་ཀར་བསྒྱུར་ན་ཀློག་པ་པོས་གོ་དཀའ་ལ། དོན་སྒྱུར་བྱས་ནའང་ཡིག་ཚོགས་མང་བའི་སྐྱོན་དུ་འགྲོ་བས། འགྱུར་ཡིག་གི་སྐད་ཆའི་ཁྲོད་དུ་གཏམ་དཔེ་གང་དེའི་བསྟན་དོན་དང་ཆ་འདྲ་བའི་གཏམ་དཔེ་གཡར་ནས་བསྒྱུར་དགོས་ཏེ། འདིའི་རིགས་ལ་གཡར་སྒྱུར་ཡང་ཟེར། དཔེར་ན། “杀鸡焉用宰牛刀”ལྟ་བུ་བོད་ཡིག་ཏུ་སྒྱུར་སྐབས“བྱ་གསོད་པར་གླང་གྲི”ཞེས་ཐད་སྒྱུར་བྱེད་རུང་མོད། ཡིན་ཡང་ནང་དོན་ལ་གཞིགས་ནས་བོད་རང་གི་བཤད་སྲོལ་ལྟར“ཤིག་གི་སྟེང་ལ་སྟ་རེ”ཞེས་བསྟན་དོན་ཆ་འདྲ་བའི་གཏམ་དཔེ་དྲངས་ཏེ་བསྒྱུར་ན་དོན་ལེགས་པར་སྟོན་ནུས་པ་མ་ཟད། གོ་བདེ་ཞིང་ཚིག་ཀྱང་སྙན། དེ་བཞིན་དུ“空口说白话”ལ“ཁ་བཤད་ཆུ་ཡི་ལྦུ་བ”ཞེས་དང་། “对牛弹琴”ལ“བོང་བུའི་རྣ་བར་ཆོས་བཤད” “杀鸡儆猴”ལ“ར་བསད་ནས་ལུག་འདར”ཞེས་པ་སོགས་མ་ཡིག་གི་གཏམ་དཔེའི་ཉམས་སོར་འཇོག་ཐུབ་པ་མ་ཟད། འགྱུར་ཡིག་གི་ཡིག་ཚོགས་མང་བ་དང་། གོ་དོན་མ་རྟོགས་ལོག་རྟོགས་སོགས་ཀྱི་ཉེས་པ་ཡོངས་སུ་སྤངས་ནས་ཀློག་དུས་ངག་ལ་བདེ་ཞིང་། ཚིག་དོན་ལ་འཁྲུལ་བ་འབྱུང་མི་སྲིད།

    མཇུག་བསྡུ་བ།

    གོང་གསལ་གྱི་སྒྱུར་ཐབས་རིགས་གསུམ་ནི་རྒྱུན་དུ་སྤྱོད་པའི་གཏམ་དཔེའི་སྒྱུར་ཐབས་གཙོ་བོ་འགའ་ཡིན་ཞིང་། དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཏེ། ཐད་སྒྱུར་ལ་ཆ་བཞག་ན། གཙོ་བོ་རྒྱ་བོད་མི་རིགས་གཉིས་ཀའི་རིག་གནས་ཀྱི་མཐུན་པའི་ཆ་ལ་སྤྱོད་ཤས་ཆེ་ཞིང་། གཏམ་དཔེ་གང་དེ་ཐད་སྒྱུར་བྱས་པ་ལས་སྤྱིར་ན་མ་ཡིག་གི་ནང་དོན་ཅུང་ཁ་གསལ་བར་སྟོན་ནུས། དོན་སྒྱུར་ལ་ཆ་བཞག་ན། མ་ཡིག་གི་གཏམ་དཔེའི་སྙན་ཆ་ཅུང་ཉམས་པའམ་ཡང་ན་ཡིག་ཚོགས་མང་བའི་སྐྱོན་ཐོན་སྲིད་ཀྱང་། མ་ཡིག་གི་ནང་དོན་ཅུང་འཁྲུལ་བ་མེད་པར་སྟོན་ནུས། གཡར་སྒྱུར་ལ་ཆ་བཞག་ན། སྐབས་འགར་རིག་གནས་རྣམ་པའི་ཁྱད་པར་དབང་གིས་ནང་དོན་ཡོངས་སུ་མཐུན་པའམ་ཡང་ན་ཆ་འདྲ་བའི་གཏམ་དཔེ་དཀོན་མོད། ཡིན་ནའང་། གལ་སྲིད་མ་ཡིག་གི་གཏམ་དཔེའི་ནང་དོན་དག་བུ་ཡིག་གི་སྐད་ཆའི་ཁྲོད་ཀྱི་ནང་དོན་ཆ་འདྲ་བའི་གཏམ་དཔེ་དྲངས་ནས་བསྒྱུར་ན། མ་ཡིག་གི་ཚིག་ཉམས་དང་ཡང་ན་ནང་དོན་སོགས་ལ་དགེ་མཚན་ལྡན་སྲིད། དེ་བས་རྒྱ་བོད་ཡིག་སྒྱུར་ལག་ལེན་དངོས་ལ་འཇུག་སྐབས་གོང་གསལ་གྱི་སྒྱུར་ཐབས་རིགས་གསུམ་གང་ལ་དེ་འཚམ་གྱིས་སྤྱོད་དགོས་པར་སེམས། 

    གཞན་ད་དུང་གུས་པའི་བློ་རིག་ལས་བརྒལ་བས་ཐབས་ལམ་གང་མང་ཡོད་ངེས་ཤིང་། ལྷག་པར་དུ་ཡིག་སྒྱུར་བྱ་གཞག་གོང་ནས་གོང་དུ་འཕེལ་བ་དང་བསྟུན་ནས་ཡིག་སྒྱུར་གྱི་ཐབས་མཆོག་ཀྱང་མང་དུ་འབྱུང་ངེས་པས་ཡིག་སྒྱུར་ལས་ལ་འཇུག་བཞིན་པ་ཀུན་གྱིས་སློབ་སྦྱོང་བྱེད་པའི་གཞི་ཡིན་ནོ། 

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ། བསོད་ནམས་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།