[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • འོན་ལྐུགས་བྱིས་པར་སྐད་ཡིག་སློབ་ཁྲིད་བྱེད་པའི་ནུས་རྩལ་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-29

    བོད་ལྗོངས་ཀྱི་སློབ་གསོ་ནི་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས། དེ་ལྟར་འཕེལ་རྒྱས་འགྲོ་རིང་གངས་ལྗོངས་ས་མཐོར་དམིགས་བསལ་སློབ་གསོའི་གོམ་ཁ་བསྒྱུར་བ་དང་། དབང་སྐྱོན་བྱིས་པ་རྣམས་སློབ་གྲྭའི་དགའ་ཚལ་དུ་ཤེས་རིག་སྦྱོང་བའི་གོ་སྐབས་བྱུང་ཡོད། དེ་ཡང་བོད་ལྗོངས་དམིགས་བསལ་སློབ་གསོའི་ལོ་རྒྱུས་ཀྱི་ངོས་ནས་བརྗོད་ན། ལྷ་ས་དམིགས་བསལ་སློབ་གསོའི་སློབ་གྲྭ་དབུ་ཚུགས་པའི་སྔོན་དུ་བོད་ལ་སྒེར་བཙུགས་ཀྱི་ལོང་བའི་སློབ་གྲྭ་རེ་གཉིས་ཡོད་པ་ལས་གཞུང་བཙུགས་དམིགས་བསལ་སློབ་གྲྭ་མེད་ཅིང་། སྤྱི་ལོ་ཉིས་སྟོང་ལོར་ལྷ་ས་དམིགས་བསལ་སློབ་གསོའི་སློབ་གྲྭ་དངོས་སུ་བཙུགས་པ་དེས་བོད་ལྗོངས་སུ་གཞུང་བཙུགས་དམིགས་བསལ་སློབ་གྲྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། དེས་གངས་ལྗོངས་སློབ་གསོའི་ལོ་རྒྱུས་ཐོག་གི་སྟོང་ཆ་ཞིག་ཀྱང་བསྐངས་ཡོད།

    དགེ་རྒན་གྱིས་སློབ་ཁྲིད་མ་ལག་ཁྲོད་མེད་དུ་མི་རུང་བའི་གནས་བབ་ཅིག་བཟུང་ཡོད་པ་དང་། དགེ་རྒན་གྱི་ནུས་རྩལ་དེས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཉེས་ཅི་ཡོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དམིགས་བསལ་སློབ་གྲྭའི་སློབ་ཁྲིད་ཁྲོད་དུ་དགེ་རྒན་གྱི་ནུས་རྩལ་ནི་དེ་བས་མེད་དུ་མི་རུང་བ་ཞིག་ཡིན་པས། ད་ཐེངས་རང་ཉིད་ཀྱིས་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ལ་ལྡན་དགོས་པའི་ནུས་རྩལ་སྐོར་མདོ་ཙམ་གླེང་བར་བྱ་སྟེ།

    གཅིག དམིགས་བསལ་སློབ་གྲྭའི་དགེ་རྒན་ལ་ལྡན་དགོས་པའི་ནུས་རྩལ།

    དམིགས་བསལ་སློབ་གྲྭའི་དགེ་རྒན་ནི་དགེ་རྒན་གཞན་དང་མི་འདྲ་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ངེད་དམིགས་བསལ་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཁ་ཕྱོགས་ས་ནི་འོན་ལྐུགས་ཀྱི་བྱིས་པ་ཁོ་ན་ཡིན་པས། ཁོང་ཚོ་ནི“ལག་པས་ཤོད་པ་དང་མིག་གིས་ཉན་པའི”སློབ་བུའི་ཚོགས་སུ་གྱུར་ཡོད། དེར་བརྟེན་སློབ་བུ་དེ་དག་ལ་སློབ་ཁྲིད་བྱེད་སྐབས་གཞན་དང་མི་འདྲ་བའི་སློབ་ཁྲིད་ཀྱི་ནུས་རྩལ་ཞིག་དགོས་པ་ནི་སྨོས་ཅི་ལ་དགོས།

    དང་པོ། ལག་བརྡའི་ནུས་རྩལ།

    ལག་བརྡ་ནི་འོན་ལྐུགས་ཀྱི་ངོས་ནས་བརྗོད་ན་དགོས་གལ་ཧ་ཅང་ཆེ་བ་ཞིག་ཡིན་ཏེ། ཡན་ལག་སྐྱོན་ཅན་གྱི་འཁོར་སྟེགས་དང་ལོང་བའི་མཁར་རྒྱུག་དང་གཅིག་མཚུངས་རེད། དེ་ནི་འོན་པའི་ཚོགས་རྣམས་ཀྱིས་འབྲེལ་འདྲིས་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་ཙ་ན་ཁོང་ཚོའི་སྐད་བརྡ་ཞིག་རང་རེད། ཚང་མས་ཤེས་གསལ་ལྟར་སྐད་བརྡ་རིག་པར་རྩ་བའི་གྲུབ་ཆ་གསུམ་ཚང་དགོས་པ་ནི་སྐད་གདངས་དང་། ཚིག་ཚོགས། བརྡ་སྤྲོད་བཅས་ཡིན་པ་དང་། ལག་བརྡ་ཡང་སྐད་བརྡ་ཞིག་ཡིན་པས་སྐད་བརྡའི་ཐིག་ཤིང་ཁྱེར་ནས་ལག་བརྡ་ལ་ཚད་འཇལ་ཞིག་བྱས་ན་ལག་བརྡར་རྩ་བའི་གྲུབ་ཆ་གསུམ་ལས་ཚིག་ཚོཊ་ཡོད་པ་དང་སྐད་གདངས་མེད་པ་གཉིས་ཀུན་གྱི་ཁས་ལེན་བཞིན་ཡོད། ཡིན་ནའང་བརྡ་སྤྲོད་ཡོད་མེད་ཀྱི་ཐད་བཞེད་པ་མི་མཐུན་ཙམ་མང་དུ་བྱུང་བ་ལས་རང་ཉིད་ནི་འོན་པའི་ཆེད་ལས་མཁས་ཅན་ཆིའུ་ལིས་ཅུན་ལགས་ཀྱི་རྗེས་སུ་འབྲངས་ནས་ལག་བརྡར་བརྡ་སྤྲོད་ཡོད་པར་འདོད་ཀྱི་ཡོད། 

    ལག་བརྡར་བརྡ་སྤྲོད་ཡོད་མེད་ལས་ལག་བརྡ་གཉིས་སུ་དབྱེ་བ་ནི་བརྡ་སྤྲོད་ཀྱི་ལག་བརྡ་དང་འོན་པའི་ལག་བརྡ་རེད། “བརྡ་སྤྲོད་ཀྱི་ལག་བརྡ་ཞེས་པ་ནི་ང་ཚོས་དུས་རྒྱུན་སློབ་ཁྲིད་བྱེད་སྐབས་བོད་ཀྱི་བརྡ་སྤྲོད་གཞིར་བཟུང་ནས་ལག་བརྡ་བྱེད་པ་དེར་ཟེར་ཞིང་། འོན་པའི་ལག་བརྡ་ཞེས་པ་ནི་འོན་ལྐུགས་ཕན་ཚུན་དུས་རྒྱུན་གྱི་གོམས་གཤིས་ལྟར་ལག་བརྡ་བྱེད་བཞིན་ཡོད་པ་དེ་ལ་བརྗོད་པ་དང་། དེར་ཚིག་སྡུད་དང་གོ་འཛོལ་གྱི་ཁྱད་ཆོས་ལྡན་ཡོད” དེར་བརྟེན་ང་ཚོས་ལག་བརྡ་བྱེད་སྐབས་ཕྱོགས་གང་དང་གང་ལ་དོ་སྣང་བྱེད་དགོས་ཤེ་ན། གཤམ་དུ་རང་ཉིད་ཀྱི་ལྟ་བ་འགའ་ཞིག་གླེང་ན།

    1 ལག་བརྡའི་བརྡ་སྤྲོད་ལ་དོ་སྣང་བྱེད་དགོས།

    ལག་བརྡ་དང་སྐད་བརྡ་གཉིས་ཀྱི་བརྡ་སྤྲོད་སྐབས་གོ་རིམ་གཅིག་པ་མིན་ཏེ།“ལག་པའི་སྒུལ་སྐྱོད་ནི་ཐབས་ངེས་ཅན་ཞིག་གི་བྱ་འགུལ་ལས་གྲུབ་པ་ཞིག་ཡིན་པས་དེ་ནི་སྐད་བརྡ་དང་གཅིག་མཚུངས་རེད། དེས་རྐྱེན་པས་ལག་བརྡ་ལ་ཡང་དགོས་ངེས་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་ལྡན་དགོས་པ་ཞིག་རེད” ལག་བརྡ་ནི་མིག་གིས་བལྟས་ནས་བཤད་བྱའི་དོན་གོ་བ་བྱ་རྒྱུ་དེ་ཡིན་པས་ངེས་པར་དུ་སྔོན་ལ་བཤད་བྱའི་དངོས་པོ་དེ་ཤོད་པ་དང་། དེ་རྗེས་དངོས་པོའི་བྱ་འགུལ་རྣམས་ཤོད་དགོས་པས་དུས་རྒྱུན་གྱི་ཁ་སྐད་དང་མི་འདྲ་བ་ཞིག་རེད།

    2 ཕྲད་ཀྱི་རིགས་རྣམས་དོར་ནས་ཁྲིད་ཐབས།

    ལག་བརྡ་བྱེད་སྐབས་ཕྲད་ཀྱི་རིགས་རྣམས་འདོར་དགོས་ཤིང་། རང་ཉིད་ཀྱི་སློབ་ཁྲིད་སྐབས་དང་། ཡང་ན་སློབ་མར་རྩོམ་ཡིག་དང་བརྗོད་པ་སོགས་བཟོ་རུ་འཇུག་པའི་སྐབས་སུ་རྗེས་འཇུག་གང་དེའི་རྗེས་སུ་ཕྲད་གང་ཞིག་འཇུག་དགོས་མིན་སོགས་གསལ་པོར་སློབ་དགོས་པ་ལས་དུས་རྒྱུན་གྱི་འཚོ་བའི་ཁྲོད་འོན་པ་དང་མཉམ་དུ་ལག་བརྡ་བྱེད་སྐབས་ཕྲད་ཀྱི་རིགས་རྣམས་འདོར་དགོས། དཔེར་ན། “བཀྲ་ཤིས་ཀྱི་སྨྱུ་གུ”ལྟ་བུ། “བཀྲ་ཤིས་སྨྱུ་གུ”ཞེས་ལག་བརྡ་བྱེད་པ་ལས་“ཀྱི”སྒྲ་བྱེད་དགོས་པའི་དགོས་པ་མ་མཆིས་སོ། ། 

    3 ལག་བརྡ་བྱེད་དུས་འབྱོང་པོ་དགོས།

    སློབ་མ་དེ་དག་དམིགས་བསལ་སློབ་གྲྭར་ཡོང་དགོས་དོན་ནི་ཁོང་ཚོའི་ཉན་བྱེད་དབང་པོར་སྐྱོན་ཡོད་པས་ཕྱི་རོལ་གྱི་སྒྲ་རྣམས་མི་གོ་བས་ཡིན་ཞིང་། ང་ཚོས་མཐོང་གསལ་ལྟར་འོན་པའི་སློབ་གྲྭར་ལག་བརྡར་བརྟེན་ནས་ཤེས་བྱ་བརྒྱུད་སྤྲོད་བྱེད་པས། ལག་བརྡ་ཚད་དང་མཐུན་པའམ་ལག་བརྡ་འབྱོང་པོས་སློབ་མའི་སྦྱོང་འདོད་ཀྱི་ནུས་པ་འཕེལ་རྒྱས་གཏོང་ཐུབ་ལ་གནད་ལ་འཕིགས་པའི་སྒོ་ནས་ཤེས་བྱ་བརྒྱུད་སྤྲོད་བྱེད་ཐུབ། སྐད་ཡིག་སློབ་ཚན་གྱི་འགན་འཁྲི་ཡང་སློབ་མས་སློབ་ཚན་གྱི་ནང་དོན་རྟོགས་ཐུབ་པ་དང་། སྐད་དང་ཡི་གེ་གཉིས་འབྱོང་པོས་བེད་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པས། ང་ཚོ་དགེ་རྒན་ཞིག་གི་ངོས་ནས་བཤད་ན། སློབ་ཁྲིད་བྱེད་སྐབས་ལག་བརྡ་ཚད་དང་མཐུན་པ་ཞིག་མ་བྱུང་པའམ་ཡང་ན་འབྱོང་པོ་ཞིག་མ་བྱུང་ན། སློབ་མའི་བསམ་བློ་འགུག་རྒྱུ་ལྟ་ཞོག་སློབ་མས་གོ་བ་ལོག་སྒྲུབ་བྱེད་པས་ཐད་ཀར་སློབ་ཚན་གྱི་དམིགས་རེ་བསྒྲུབ་རྒྱུར་བཀག་འགོག་བཟོ་སྲིད། འོ་ན་ཚད་དང་མཐུན་པའི་ལག་བརྡ་ཞེས་པ་གང་ལ་ཟེར་རམ་ཞེ་ན། གཙོ་བོ་ཀྲུང་གོའི་ལག་བརྡའི་ཚིག་མཛོད་གཞིར་བཟུང་ལག་བརྡ་བྱེད་ཐུབ་ན་དེ་ནི་ཚད་ལྡན་གྱི་ལག་བརྡར་བཞེད་དོ། །

    4 ཚིག་དོན་ལ་གོ་བ་བླངས་ནས་ལག་བརྡ་བྱེད་དགོས།

    སྐད་ཡིག་གི་ཁྲོད་དུ་སྒྲ་འདྲ་ལ་དོན་མི་འདྲ་བའི་ཚིག་མང་དུ་ཡོད་པས་ལག་བརྡ་ཡང་མི་འདྲ་བ་ཞིག་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེ། དཔེར་ན“བཞིན”ལྟ་བུ་ནི་དོན་མང་ལ་འཇུག་པ་ཞིག་སྟེ། ཁོང“ལས་ཀ་བྱེད་བཞིན་འདུག”ཅེས་པའི་ནང་དུ“བཞིན”སྒྲ་དེ་དུས་ད་ལྟ་བ་གསལ་བྱེད་དུ་འཇུག་པས་ད་ལྟ་བའི་ལག་བརྡ་ཞིག་བྱེད་དགོས། ཡང“ཕ་མའི་བཞིན་ལས་འཛུམ་མདངས་ཐོན”ཞེས་པའི་ནང་དུ“བཞིན”སྒྲ་ནི་གདོང་གི་དོན་ཡིན་པས་ལག་བརྡ་གདོང་དང་གཅིག་མཚུངས་བྱེད་དགོས། གཞན་ཡང“ཁྱེད་ཀྱི་མིག་གཉིས་ཨུད་པལ་བཞིན་དུ་མཛེས”ལྟ་བུའི་ནང་དུ“བཞིན”སྒྲ་ནི་འདྲ་བའི་དོན་ཡིན་པས་འདྲ་བའི་ལག་བརྡ་བྱེད་དགོས། དེ་ལྟར་མིང་གཅིག་དོན་མང་ལ་འཇུག་པ་མང་བས་ངེས་པར་དུ་ཚིག་དོན་ལ་གོ་བ་བླངས་ནས་ལག་བརྡ་བྱེད་རྒྱུ་ནི་གལ་ཆེའོ། 

    5 ལག་བརྡ་བྱེད་པ་དང་དུས་མཚུངས་ཁའི་བཟོ་ལྟ་གསལ་པོ་དགོས།

    ལག་བརྡ་བྱེད་པ་ནི་དམིགས་བསལ་སློབ་གྲྭའི་རྒྱུན་སྤྱོད་འབྲེལ་འདྲིས་ལག་ཆ་ཞིག་ཏུ་གྱུར་པ་ནི་སྨོས་ཅི་དགོས། ལག་བརྡ་བྱེད་སྐབས་ཁའི་བཟོ་ལྟ་འདོན་དགོས་དོན་གང་ཡིན་ཞེ་ན་མིང་ཚིག་འགའ་ཞིག་གི་ལག་བརྡ་འདྲ་བས་ལག་བརྡ་དང་ཁའི་བཟོ་ལྟ་གཉིས་མཉམ་དུ་ཐོན་ཚེ་སློབ་མས་མིང་ཚིག་དེ་གང་ཡིན་ངོས་འཛིན་བྱེད་ཐུབ་རྒྱུར་དེ་བས་ཕན་པ་ཆེའོ། དཔེར་ན“ཕྱེ་མ་ལེབ”དང“སྦྲང་ནོར་བུ”གཉིས་ཀྱི་ལག་བརྡ་ཕན་ཚུན་འདྲ་བས་སློབ་མར་སློབ་ཚན་འཁྲིད་སྐབས་མཉམ་དུ་ཁའི་བཟོ་ལྟ་བཏོན་ན་སློབ་མས་གོ་བ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཡོད། གཞན་ཡང“མཐོང་བ”དང“བལྟས་པ”ལྟ་བུ་གཉིས་བྱ་ཚིག་ཐ་དད་མིན་གྱི་ཁྱད་པར་ཡིན་ཀྱང་། དོན་ངོ་མའི་སློབ་ཁྲིད་ཀྱི་ལག་བརྡ་གཅིག་མཚུངས་ཡིན་པས་སློབ་མས་གོ་བ་ལོན་དཀའ་བའི་སྐབས་སུ་ཁའི་བཟོ་ལྟ་དང་རྣམ་འགྱུར་གཉིས་མཉམ་དུ་བྱུང་ཚེ་གོ་བ་ལོན་མགྱོགས་པ་ཡོད། །

    གཉིས། དམིགས་བསལ་སློབ་གྲྭའི་དགེ་རྒན་ལ་ལྡན་དགོས་པའི་ཀུན་སྤྱོད་ཀྱི་ཚད་གཞི།

    1 ལུས་ངག་གི་ཀུན་སྤྱོད་གཙང་ལ་སེམས་ཞི་ཞིང་དུལ་བ་དགོས།

    དགེ་རྒན་གྱི་ཀུན་སྤྱོད་ནི་སློབ་མའི་མིག་དཔེ་ལྟ་ས་ཡག་ཤོས་ཤིག་ཡིན་ལ་ཚད་འཛིན་གྱི་ཚངས་ཐིག་ལྟ་བུ་ཞིག་ཡིན་པས། རང་དཔེ་གཞན་སྟོན་གྱི་སློབ་གསོའི་ནུས་པ་ཐོན་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཏེ། ཕྱི་རྒྱལ་གྱི་མཁས་པ་གྲགས་ཅན་ཡོ་ཧན་སིས་ཀུན་སྤྱོད་བཟང་པོ་ནི་ཤེས་ཡོན་ཚད་ཐོན་པོར་སླེབས་པའི་རྟགས་མཚན་རེད་ཅེས་གསུང་མྱོང་ཡོད།

    2 སློབ་མ་ལས་ལྷག་པའི་ཡོན་ཏན་དགོས།

    དགེ་རྒན་ཞེས་པ་ནི་རང་ཉིད་ཀྱི་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་སྟེ། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ། ཡོན་ཏན་གྱི་ཕྱོགས་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་མིང་དུ་ཐོགས་པས། དགེ་རྒན་ལ་སློབ་མ་ལས་ལྷག་པའི་ཡོན་ཏན་ཞིག་ལྡན་ཡོད་ན་སློབ་མ་ཡར་རྒྱས་འགྲོ་མགྱོགས་པ་དང་། མཉམ་པ་ལས་མེད་ན་སློབ་མའི་ཤེས་ཚད་ཡར་རྒྱས་མེད་པར་རང་སོར་གནས་པ་དང་། དེ་བཞིན་ཁྱི་ལ་སེང་གེའི་མིང་བཞིན་སློབ་མ་ལས་དགེ་རྒན་ཡོན་ཏན་དམའ་ན་སློབ་མ་ལ་ཡོན་ཏན་ཕྲན་བུ་ཙམ་ཡོད་པ་དེའང་ཉམས་འགྲོ་གི་ཡོད་པར་གསུངས།

    3 མ་བུ་ལྟ་བུའི་བརྩེ་དུང་ལྡན་དགོས།

    ངེད་སློབ་གྲྭའི་སློབ་མ་རྣམས་ཀྱི་ངོས་ནས་བརྗོད་ན། སློབ་མ་མང་པོ་ཞིག་ཐག་རིང་ནས་ཕ་མ་སྤུན་མཆེད་བསྐྱུར་ཏེ་གཞན་ཡུལ་དུ་རིག་པའི་གནས་སྦྱོང་བར་ཡོང་པ་ཤ་སྟག་ཡིན་ལ། སློབ་མ་རེ་ཟུང་ནི་ཕ་མ་མེད་པའི་དྭ་ཕྲུག་དང་། རེ་ཟུང་ནི་ཕ་མ་ཡོད་ཀྱང་དེ་ཙམ་གྱི་འགན་འཁྲི་མི་འཁུར་བར་ལོ་ཡི་ཉག་མ་ཁ་ཤས་རིང་སློབ་གྲྭ་དང་ཁ་གྱེས་ཏེ་ཐག་རིང་རང་ཡུལ་དུ་ལོག་པའི་སྐལ་བ་ཧ་ཅང་ཕྲ་བ་ཤ་སྟག་རེད། དེར་བརྟེན་སློབ་བུ་རྣམས་རང་ཉིད་ཀྱི་གཅེས་ཕྲུག་ལྟར་དུ་སྐྱོང་དགོས་པ་ནི་ང་ཚོ་དགེ་རྒན་ཚོར་ལྡན་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད། སློབ་མར་སྐྱོན་བརྗོད་དང་བསྟོད་བསྔགས་གང་ལ་གང་འོས་བྱས་ཏེ།དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་སེལ་ཐུབ་པའི་ཕ་མ་བཟང་པོ་ཞིག་དགོས་ལ། དུས་རྒྱུན་སློབ་མའི་འཚོ་བ་ལ་ཐུགས་ཁུར་གང་མང་གནང་ཐུབ་པར་བྱེད་དགོས། སྐྱོན་ཆ་ཡོད་པ་རྣམས་ཡོ་བསྲང་དང་། ལེགས་བཅོས། མ་འདང་པའི་ཆ་རྣམས་ཁ་གསབ་བཅས་བྱས་ཏེ་སློབ་མའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ་ཡང་དག་པ་ཞིག་ཆགས་སུ་འཇུག་དགོས་སོ། །

    4 སློབ་མའི་སེམས་ཁམས་དང་གཟུགས་ཁམས་སོགས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པར་བྱེད་དགོས།

    དེ་ཡང་སློབ་མའི་ལོ་ཚད་དང་། སེམས་ཁམས། གཟུགས་ཁམས་ཀྱི་ཁྱད་ཆོས་དང་བསྟུན་ནས་གང་ལ་གང་མཐུན་གྱི་སློབ་གསོ་རྒྱག་རྒྱུ་གཙིགས་སུ་འཛིན་དགོས་ཏེ། དགེ་རྒན་གྱིས་སློབ་མའི་སེམས་ཁམས་ཀྱི་འཇིག་རྟེན་རྟོགས་ཐུབ་ན་དགེ་སློབ་དབར་མ་བུ་ལྟ་བུའི་བརྩེ་དུང་ལྷད་མེད་ཆགས་ཐུབ། དེ་བརྒྱུད་ནས་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་དེ་བཞིན་དམིགས་བསལ་གྱི་དཀའ་ངལ། གནད་དོན་གང་འདྲ་ཡོད་མེད་ཤེས་རྟོགས་བྱུང་ན་སླད་ཕྱིན་སློབ་མ་དེ་རིགས་ལ་སློབ་གསོ་རྒྱག་སྐབས་རྣག་ཐོག་གཙག་འཁེལ་གྱི་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་ཐུབ།

    མདོར་ན་དགེ་རྒན་གྱིས་རང་ཉིད་ལ་ལྡན་དགོས་ངེས་ཀྱི་ཆ་རྐྱེན་དང་། བསམ་བློ། སློབ་ཁྲིད་ཀྱི་ནུས་རྩལ་སོགས་ཡོད་པ་རྣམས་མི་ཉམས་རྒྱུད་འཛིན་དང་མི་ལྡན་པ་རྣམས་རང་རྒྱུད་ལ་འཇགས་པར་བྱས་ནས་གངས་ལྗོངས་ས་མཐོའི་དམིགས་བསལ་གྱི་སློབ་གསོར་འཕེལ་རྒྱས་ཀྱི་རྦ་རླབས་འཕྱུར་བར་བྱས་ནས་འོན་ལྐུགས་ཀྱི་སློབ་བུ་རྣམས་ཤེས་ཡོན་ཅན་དུ་འགྱུར་བར་འབད་དགོས།

    (ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་། སྤེན་རྒོད)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།