[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭར་དོ་དམ་བྱེད་ཐབས་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཆུ་སྣ་བཟང་ངན་ཆུ་འགོ་གང་ལ་ཐུག་ཅེས་པའི་དཔེ་ལྟར་སློབ་གྲྭའི་དོ་དམ་ཁྲོད་འཛིན་གྲྭའི་དོ་དམ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡོད། འཛིན་གྲྭའི་དོ་དམ་ཁྲོད་སློབ་གྲྭའི་དབུ་ཁྲིད་ཀྱིས་འཛིན་གྲྭར་དོ་དམ་བྱེད་པ་དང་འཛིན་གྲྭའི་ཀྲུའུ་རིན་གྱིས་འཛིན་གྲྭར་དོ་དམ་བྱེད་པ་གཉིས་ཚུད་པ་མ་ཟད། ད་དུང་སློབ་ཕྲུག་གིས་འཛིན་གྲྭར་དོ་དམ་བྱེད་པའང་ཚུད་ཡོད།

    འཛིན་གྲྭའི་དོ་དམ་ནི་ཐུན་མོང་ཐོག་འཛིན་གྲྭ་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། དེ་ཡང་ཕྱོགས་ཡོངས་ནས་འཛིན་གྲྭའི་དམིགས་ཡུལ་སྒྲུབ་པ་དང་ཕྱོགས་ཡོངས་ནས་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་གྱི་ཡོད། འཛིན་གྲྭའི་ཀྲུའུ་རེན་གྱི་འཛིན་གྲྭའི་དོ་དམ་ལས་ཀ་བཟང་ངན་གྱིས་འཛིན་གྲྭ་དེའི་རྣམ་པ་དང་སློབ་ཕྲུག་གི་འཚར་ལོངས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། སློབ་གྲྭ་ཁྱོན་ཡོངས་ཀྱི་དོན་ཆེན་དང་ཐད་ཀར་འབྲེལ་བ་ཡོད་སྟབས་འཛིན་གྲྭའི་ཀྲུའུ་རེན་ནི་སློབ་སྤྱི་ཆུང་ཆུང་ཞིག་དང་འདྲ་ཞིང་། སློབ་གྲྭ་ལེགས་པོ་ཞིག་དགོས་ན་སློབ་སྤྱི་ཡག་པོ་ཞིག་དགོས་པ་དང་འཛིན་གྲྭ་ལེགས་པོ་ཞིག་དགོས་ན་འཛིན་གྲྭའི་ཀྲུའུ་རེན་ལེགས་པོ་ཞིག་དགོས།

    གཅིག འཛིན་གྲྭའི་ཀྲུའུ་རེན་གྱི་བྱང་ཚད་མཐོ་རུ་གཏོང་དགོས།

    (1) བསམ་པའི་བྱང་ཚད་མཐོ་རུ་གཏོང་དགོས།

    “དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ནི་སྤྱི་ཚོགས་ཧྲིལ་པོའི་ཀུན་སྤྱོད་ཀྱི་དཔེ་མཚོན་ཡིན”ཞེས་གསུངས་པ་ལྟར་བསམ་པའི་བྱང་ཚད་གོང་མཐོར་གཏོང་རྒྱུ་དེ་ལས་རིགས་ཁྱོན་ཡོངས་ཀྱི་ལས་ཞུགས་མི་སྣས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ཁྲོད་སློབ་གསོའི་ལས་དོན་པ་ཞིག་ནས་བརྗོད་ན། བསམ་བློ་ཆབ་སྲིད་ཀྱི་ལྟ་བ་ཡང་དག་དགོས་པ་དེ་ཧ་ཅང་འགངས་ཆེན་དུ་སོང་། དེས་ཐོག་མར་དགེ་རྒན་ཞིག་གམ་སློབ་གསོའི་འཐབ་ས་མདུན་མར་ཕྱག་ལས་གནང་མཁན་ཞིག་ནས་མེས་རྒྱལ་གཅིག་གྱུར་གྱི་ལྟ་བ་མཐའ་འཁྱོངས་དང་ཆབ་སྲིད་བསམ་བློའི་ལངས་ཕྱོགས་བརྟན་པོ་དགོས་རྒྱུ་གལ་ཆེ། དེ་ཡང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཀྱིས་ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ནང“བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་ཁྱོན་ཡོངས་ནས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་རྩ་བའི་འགན་ལེན་ཡིན”ཞེས་པ་ལྟར་ཀུན་སྤྱོད་སློབ་གསོའི་བྱང་ཚད་མཐོར་གཏོང་གིས་རང་དཔེ་གཞན་སྟོན་དང་དཔེ་སྟོན་མཛུབ་ཁྲིད་བྱས་ནས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་གསལ་པོ་འཛུགས་དགོས།

    (2) ཆེད་ལས་བྱང་ཚད་མཐོ་རུ་གཏོང་དགོས།

    དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འཕོ་འགྱུར་ཁྲོད་ཚན་རིག་ལག་རྩལ་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཕྱོགས་གང་ཅིའི་ལས་ཀའི་དམིགས་ཚད་ལེགས་གྲུབ་བྱེད་རིང་ཆེད་ལས་ལག་རྩལ་གྱི་བྱང་ཚད་ལ་རེ་བ་དང་དམིགས་ཚད་དེ་བས་མཐོ་བ་ཡོད་རྐྱེན་སློབ་གསོ་སློབ་ཁྲིད་དང་སློབ་མའི་དོ་དམ་ཐད་ཀྱི་སྔོན་ཐོན་ཤེས་བྱ་ཤེས་རྟོགས་དང་བྱང་ཆུབ་པ་དགོས་རྒྱུ་ནི་ལས་རིགས་དེའི་རེ་བ་དང་ཆ་རྐྱེན་དུ་གྲུབ་པས་དོ་དམ་དང་འབྲེལ་བའི་ཤེས་བྱ་གང་མང་གསོག་འཇོག་བྱེད་དགོས། དེ་ཡང་འཛིན་གྲྭའི་ཀྲུའུ་རེན་ནི་སློབ་མའི་ཟས་གོས་སྡོད་གསུམ་ལ་ལྟ་རྟོག་བྱེད་མཁན་ཕ་མ་གཉིས་པ་ལྟ་བུ་ཡིན་ཞིང་། དུས་དང་རྣམ་པ་ཀུན་ཏུ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སློབ་མར་ཡར་ཐོན་གྱི་བསམ་པ་དང་། སྒྱུར་བཅོས་ཀྱི་བསམ་པ། རང་མགོ་རང་ཐོན་དང་རང་གསོ་རང་གཅེས་ཀྱི་བསམ་པ་བཅས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་གང་ཅིར་རང་འགུལ་ཅན་དུ་ཕྱོགས་ཐབས་བྱེད་དགོས།

    གཉིས། འཛིན་གྲྭའི་ཀྲུའུ་རེན་ལ་འགན་སེམས་ཆེན་པོ་ཡོད་དགོས།

    (1) ལག་ལེན་ཁྲོད་འགན་སེམས་གསལ་པོ་དགོས།

    འགན་སེམས་ནི་འཛིན་གྲྭའི་ཀྲུའུ་རེན་གྱིས་རང་གི་འོས་འགན་རྣམས་ལེགས་པོ་ཞིག་བསྒྲུབ་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ། འཛིན་གྲྭའི་ཀྲུའུ་རེན་ལ་ལྡན་དགོས་པའི་ཀུན་སྤྱོད་ཀྱི་གཞི་འཛིན་ས་ཞིག་ཀྱང་ཡིན། འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭ་ཡོངས་ཀྱི་སློབ་མ་སྒྲིག་འཛུགས་མཁན་དང་དོ་དམ་མཁན་ཞིག་ཡིན་སྟབས་འགན་སེམས་དེ་གོང་སློབ་གྲྭ་དང་འོག་སློབ་ཕྲུག་གཉིས་ཀར་འགན་འཁུར་དགོས་ཤིང་། རྒྱུན་གཏན་གྱི་ལས་དོན་ནང་རང་ཉིད་ལ་གཏོགས་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས་པ་དེ་ཡིན། རང་གི་འོས་འགན་ཡག་པོ་སྒྲུབ་ཐུབ་ན་གཞི་ནས་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་གང་ལེགས་ཐོན་ཐུབ། དེས་ན་འཛིན་གྲྭའི་ཀྲུའུ་རེན་གྱིས་སྔ་ཕྱི་བར་གསུམ་དུ་རང་གི་འགན་འཁྲི་གསལ་རྟོགས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་སློབ་མ་ཚོར་གདོང་ལེན་དཔེ་བཟང་གི་ནུས་པ་ཞིག་བཏོན་ནས་རང་ལ་གུས་བཀུར་དང་། ཡིད་ཆེས། དགའ་ཞེན་བཅས་བྱེད་པའི་སློབ་མའི་བསམ་བློ་བརྟན་པོ་འཛུགས་དགོས།

    (2) དགེ་རྒན་ནི་སློབ་མའི་ལམ་སྟོན་སྒྲོན་མེ་ཡིན།

    ལྷད་མེད་དྭངས་གཙང་གི་སློབ་མ་ནི་ཚོས་གཞི་འགྱུར་སླ་བའི་རས་དཀར་པོ་ཞིག་དང་འདྲ་བས་ཁོ་ཚོའི་བྱ་སྤྱོད་མང་དག་ཅིག་ལ་མི་རྒན་པའི་ཤུགས་རྐྱེན་ཕོག་གི་ཡོད་པས། དེ་བས་སློབ་མ་ཚོས་རྒྱུན་དུ་བརྩི་བཀུར་དང་ཡིད་ཆེས་སོགས་ཆེ་ཤོས་བྱེད་ས་ནི་རང་གི་འཛིན་གྲྭའི་ཀྲུའུ་རེན་ཡིན་ལུགས་རིག་པ་མཁས་ཅན་ཧེ་ཀོར་གྱིས“དགེ་རྒན་ནི་སློབ་མའི་སེམས་གཏིང་གི་འགྱུར་མེད་ཀ་བ་ལྟ་བུ་ཡིན”ཞེས་གསུངས་པ་ལྟར་རེད། སློབ་མ་ཚོས་འཛིན་གྲྭའི་ཀྲུའུ་རེན་གྱི་གཏམ་སྤྱོད་དང་གཤིས་ཀ་སོགས་མིག་དཔེ་འཛིན་ཡུལ་ལ་འགྱུར་སྲིད། དེས་ན་དགེ་རྒན་གྱིས་རྒྱུན་གཏན་གྱི་འཚོ་བའི་ཕྱོགས་གང་སར་རང་གི་གནས་བབ་རྟོགས་ཐུབ་པ་དང་རང་ཉིད་ནི་གཞན་གྱི་མིག་ནང་གི་ཚད་གཞི་ཞིག་ཏུ་འཛིན་ཏེ་རང་གིས་རང་ལ་རེ་བ་ནན་པོ་བཅོལ་ནས་བྱ་སྤྱོད་ཚང་མར་མིག་དཔེ་སྟོན་གང་ཐུབ་བྱེད་དགོས།

    གསུམ། འཛིན་གྲྭའི་འགོ་ཁྲིད་ལས་བྱེད་པ་ཡག་པོ་འདེམས་དགོས།

    འཛིན་གྲྭའི་འགོ་ཁྲིད་ལས་བྱེད་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་ལག་པ་གཡོན་མ་ལྟ་བུ་ཞིག་ཡིན་པས། འཛིན་གྲྭའི་ཀྲུའུ་རེན་གྱིས་ཐོག་མར་འགན་སེམས་ཡོད་ལ་འཇོན་ཐང་ཡོད་པ། མིག་དཔེའི་ནུས་པ་འདོན་ཐུབ་མཁན་གྱི་འཛིན་གྲྭའི་འགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བྱེད་པ་དང་ཆབས་ཅིག དུས་རྒྱུན་དུ་འཛིན་གྲྭའི་ཀྲུའུ་རེན་གྱིས་ཁོ་ཚོར་ལས་ཀའི་བྱེད་ཕྱོགས་སོགས་ཀྱི་ཐད་གསོ་སྐྱོང་ལེགས་པོ་བྱེད་དགོས་པ་སྟེ། འཛིན་གྲྭའི་འགོ་ཁྲིད་ལས་བྱེད་པ་དང་སློབ་མ་ཚོའི་འབྲེལ་བ་ནི་དེ་བས་དམ་ལ་ཁ་གསལ་བས་འཛིན་གྲྭའི་གནད་དོན་མཐིལ་རྟོགས་མཁན་ཁོ་ཚོ་ཡིན་པས། འཛིན་གྲྭའི་ལས་ཀའི་འཆར་གཞི་དང་སྒྲིག་གཞི་ལེགས་པོ་ཞིག་བཟོ་རྒྱུར་ཐུན་མོང་ཐོག་གྲོས་བསྡུར་དང་ཁོ་ཚོའི་བསམ་འཆར་བསྡུ་ལེན་བྱ་རྒྱུ་གཙོ་བོར་བཞག་ཐོག་དུས་རབས་ཀྱི་འཕེལ་ཕྱོགས་དང་དགོས་མཁོ་ལྟར་གང་ལ་དེ་འཚམ་གྱི་འཆར་གཞི་དང་སྒྲིག་གཞི་འཐུས་སྒོ་ཚང་པོ་ཞིག་བཟོ་བའི་ཁར་ལག་བསྟར་དོན་འཁྱོལ་ལ་འཛིན་གྲྭའི་འགོ་ཁྲིད་ལས་བྱེད་པས་རམ་འདེགས་གང་ལེགས་བྱེད་དགོས།

    བཞི། ཁྱིམ་བདག་དང་འཛིན་གྲྭའི་ཀྲུའུ་རེན་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས།

    ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོར་མེད་དུ་མི་རུང་བའི་རོགས་ཟླ་ཁྱད་པར་ཅན་ཞིག་ཡིན་པས་འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་ཐོག་ཏུ་སློབ་ཕྲུག་གི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱས་ཏེ་དུས་རྒྱུན་ནས་རང་འགུལ་རང་རྟོགས་ཀྱི་སྒོ་ནས་སློབ་མ་མི་རེ་ངོ་རེའི་ཁྱིམ་བདག་ལ་ཁ་པར་དང་། ལྷག་པར་དུ་བཅར་འདྲིའི་བྱ་ཐབས་སྤྱད་ནས་ཁྱིམ་བདག་ལ་སློབ་མའི་བདེ་ཐང་དང་འཚོ་བའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞུ་བ་དང་། འཛིན་གྲྭའི་ཀྲུའུ་རེན་གྱིས་ཁྱིམ་བདག་ལ་སློབ་མའི་སློབ་སྦྱོང་དང་བྱ་སྤྱོད་སོགས་གསལ་བཤད་བྱས་ནས་ཕན་ཚུན་གཉིས་ཀས་སློབ་མའི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ཏེ་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་གྱིས་སློབ་ཕྲུག་གི་གཤིས་རྒྱུད་དང་བསྟུན་ནས་རྣག་ཐོག་གཙག་འཁེལ་གྱི་སློབ་གསོ་བཏང་ཚེ་གཞི་ནས་འཛིན་གྲྭའི་ལས་དོན་ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ངེས། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་ནས་རྒྱ་ཆེའི་ཁྱིམ་བདག་གིས་སློབ་མར་སེམས་ཁུར་དང་སློབ་གསོར་དོ་ཁུར་དང་། དེ་བཞིན་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་སློབ་མ་རྣམས་ཤེས་སྤྱོད་ལྡན་པའི་མི་སྣ་ཞིག་ཆགས་པ་བྱ་རྒྱུར་འབད་འཐབ་བྱེད་དགོས།

    མདོར་ན་འཛིན་གྲྭའི་ཀྲུའུ་རེན་ཚོས་རང་རང་གི་རྒྱུན་གཏན་ལས་དོན་ཁྲོད་འཛིན་གྲྭའི་ཕྱི་ནང་གང་ཅིའི་ཐད་ནས་གནད་དོན་མཐོང་ཐུབ་པ་དང་། བསམ་བློ་ཞིབ་ཕྲ་འཁོར་ཐུབ་པ། འཛིན་གྲྭའི་སློབ་མ་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་ཐུབ་པ། རྒྱུས་མངའ་ཞིབ་ཕྲ་ལོན་ཐུབ་པ་སོགས་བྱ་དགོས་ལ། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ལ་དེ་བས་དམིགས་བསལ་རང་བཞིན་དང་དམིགས་ཡུལ་རང་བཞིན་ལྡན་པ་བྱ་ཕྱིར་དུས་རྒྱུན་ནས་སློབ་ཕྲུག་སློབ་བྱོལ་དུ་སོང་བའམ་ཕྱིར་འགྱངས་བྱས་པ་སོགས་རང་གི་སྦར་མོའི་ནང་དུ་བླངས་པ་ལྟ་བུ་ཞིག་ཡོང་རྒྱུར་འབད་ན་གཞི་ནས་སེམས་རྩ་འཁོལ་ལ་འཇོན་ཐང་ལྡན་པའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཆགས་ངེས་ཡིན།

    (གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་སློབ་འབྲིང་གི་ལྷག་པ་ཆུང་བདག)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།