[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཁྲིད་ཀྱི་བརྒྱུད་རིམ་ལས་སློབ་མའི་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-24

    དེ་ཡང་སློབ་ཚན་ལ་དབྱེ་ཞིབ་བྱེད་རིང་། སློབ་མའི་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བར་སློབ་མས་མིང་དང་ཚིག་དང་བརྗོད་པ་དང་། བརྗོད་པའི་ཕྲེང་བ་དང་། དུམ་བུ་དང་། ཐ་ན་སློབ་ཚན་གྱི་འཆར་སྒོ་མཐའ་དག་རིམ་བཞིན་ཡིག་ཐོག་ཏུ་འབེབས་ཐུབ་ན། ད་གཟོད་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བའི་རྨང་གཞི་ཡག་པོ་ཞིག་འདིང་ཐུབ།

    གཅིག སློབ་ཚན་དབྱེ་ཞིབ་ལས་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་ཐབས་བཤད་པ།

    སློབ་ཚན་གང་རུང་ཞིག་གི་ནང་ནས་མིང་བརྡ་སོགས་ཕུན་སུམ་ཚོགས་པའམ་ཚིག་སྦྱོར་ལེགས་པར་དབྱེ་ཞིབ་ཀྱིས་རང་གི་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་ལ་འབད་དགོས། འདི་ནི་རྩོམ་པའི་ལས་དང་པོ་བ་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་ཏེ། ཨ་མ་ནང་ན་ཡོས་རྔོད་ཀྱིན་ཡོད་པས་ཐོས་ནས། ཅི་ཟེར་སྐད་འདི་ནི་ངའི་བུའི་སྐད་འདྲ། ངེད་མ་སྨད་བས་སྡུག་པ་ནི་ས་ཐོག་ན་མེད་པས་ཁོ་ནི་གླུ་ལེན་མི་ཐང་སྙམ་ནས་ཡིད་མ་ཆེས་པར་བལྟས་པས། ང་ཡིན་པར་ཤེས་ནས་ཧ་ལས་ཏེ། སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར། ཡོས་རྔོད་འཕྲོ་ཚིག་ཏུ་བཅུག ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར། གཡོན་དུ་ཐལ་བ་སྦར་གང་ཁྱེར། སྐས་རིང་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་བ་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ནས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་ལ་བུ་འདི་འདྲ་སྐྱེས་སོ། ཁྱེད་རབས་ཆད་གདའ་བ། ངེད་མ་སྨད་ཀྱི་ལས་སྐོལ་ལ་གཟིགས་དང་ཟེར། ཞེས་པར་མཚོན་ན། འདི་ནི་དཔེར་མཚོན་གྱི་མི་སྣ་གཙོ་བོར་བརྗོད་པ་ཡིན། འདིར་ང་ཚོས་དབྱེ་ཞིབ་བྱས་ན་འདིའི་ནང་ཐ་སྙད་རབས་ཆད་ཅེས་པར་ཚིག་འགྲེལ་བྱེད་དགོས་པ་དང་། ས་ཐོག་ན་མེད་ཅེས་པ་ནི་ས་སྟེང་ན་མེད་དེ་ས་སྟེང་སྡུག་ཤོས་ཡིན་པའི་དོན་དུ་འགྲེལ་ཆོག་ལ། འདིར་སློབ་མ་འགའ་བརྗོད་པ་བཟོ་རུ་འཇུག་པ་དང་རྗེས་སོར་རྩོམ་ཡིག་ལ་ཚིག་འདི་དག་སྤྱད་ན་རང་བཞིན་གྱིས་ཚིག་སྙན། བརྗོད་པ་བདེ། དོན་སྟོན་སྟོབས་ཆེ། དེ་བས་ཧ་ལས་ཞེས་པ་ལྟ་བུའི་ཁ་སྐད་རྣལ་མར་སོང་ཡང་འདིར་ཁ་སྐད་ཀྱི་རོ་བྲོ་གཏན་ནས་མེད་པར་ཚང་མས་གོ་ཐུབ་པས་ང་ཚོས་རྣམ་ཀུན་ཁ་སྐད་ལས་ཡིག་ལམ་དུ་གོ་ཐུབ་པ་རྣམས་སྤྱོད་པའི་གསལ་འདེབས་བྱས་ཚེ་སློབ་མ་རྣམས་ལ་ཅི་འདྲའི་སྨན་ཨང་། ད་དུང་གོམ་གང་མདུན་སྤོས་ཀྱིས་མདོ་དོན་ནི་སྐམ་པ་གཡས་སུ་བོར་བ། ཡོས་དཀྲུགས་གཡོན་དུ་བོར་བ། ཡོས་རྔོད་འཕྲོ་ཚིག་ཏུ་བཅུག་པ། ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར་བ། གཡོན་དུ་ཐལ་བ་སྦར་གང་ཁྱེར་བ། སྐས་རིང་ལས་བབས་པ། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་པ། ཐལ་བ་དེ་གདོང་ལ་བཏབ་པ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་པ་སོགས་བྱ་བ་འགའ་བསྟུད་མར་གྲུབ་པ་ལས་དོན་ལ་ཨ་མ་མྱང་ཚ་དཀར་རྒྱན་རླུང་ཤིན་ཏུ་ཆེན་པོ་ལངས་པ་བྲིས་པ་དཔེར་མཚོན་དུ་གྱུར་པ་རེད། བྱ་བྱེད་འདི་དག་དང་རིགས་འདྲ་བ་འཚོ་བའི་ནང་དུ་ཡང་འཕྲད་སྲིད་དེ། གཉིད་བྲོ་བའི་བྱིས་པའི་རང་གཤིས་ལ་ལྟོས་ན། ཕལ་ཆེར་གཉིད་རན་གྱིས་དོན་མེད་བསྙད་འདོགས་ལ་ངུ་བ། རང་བཞིན་གྱིས་མིག་འཕུར་བ། རང་གི་གཉེན་ཉེ་གཅིག་ལ་མ་གཏོགས་བློ་སྣ་མི་སྟེར་བ་ལྟ་བུའོ། དེ་ཡང་དོན་ཐོག་ཏུ་ང་ཚོས་འཚོ་བར་ཟབ་འཇུག་མ་བྱས་པས་རྩོམ་ཡིག་འབྲི་དུས་ཀླད་པ་སྟོང་རྐྱང་ཆགས་པ་དང་རྒྱུན་དུ་འཚོ་བར་ནན་ཏན་གྱིས་ཞུགས་ན་དེ་ལྟར་མིན་པ་ནི་ང་ཚོས་ཕ་མའི་ངོ་གདོང་གི་རྣམ་འགྱུར་ལ་བལྟས་ཏེ་དོན་རྟོགས་ཀྱི་ཡོད་པ་ནི་ང་ཚོའི་འཚོ་བའི་གོམས་གཤིས་རེད། འོན་ཀྱང་ང་ཚོས་སློབ་ཁྲིད་ནང་ནམ་རྒྱུན་འཚོ་བར་བརྟག་དཔྱད་མ་འདང་བས་རེད། གལ་ཏེ་འཚོ་བར་ཟབ་འཇུག་བྱས་པའི་སློབ་མ་ཞིག་གིས་ལམ་ནས་རྙེད་པའི་འཆར་སྣང་ཞེས་པར་འདི་ལྟར་བྲིས་ཡོད་དེ། བྱིས་པ། ཁ་ལུད་སྣ་ལུད་བྲང་ཁོག་སྟེང་ལ་བཞག། བསམ་མེད་གང་འགྲོར་ཐལ་རྩེད་རྩེ་བར་དགའ། དྲི་ཆུ་གཏོར་བའི་གཞུ་དབྱིབས་འོག་རོལ་ཏུ། ཕན་ཚུན་བརྒྱུགས་ནས་དཔའ་ཉམས་སྟོན་པ་མཚར། འདི་ནི་གྲོང་གསེབ་ཕྲུ་གུའི་སྣང་བརྙན་ལ་དབྱེ་ཞིབ་ཚགས་སུ་ཚུད་པའི་དན་རྟགས་ཡང་དག་རེད། རེད་ཨང་། རྩོམ་ཡིག་འདི་ཀློག་པའི་མུར་ང་ཚོས་ལུས་སྟོད་དམར་ཧྲེང་གི་བྱིས་པ་པྲ་ཚགས་འགས་ཁ་ལུད་སྣ་ལུད་འཛར་འཛར་དུ་ཐལ་རྩེད་རྩེད་པ་དང་། གཅིག་གིས་དྲི་ཆུ་བཏང་བའི་འོག་ཏུ་འཛུལ་ཐུབ་མིན་ལ་འགྲན་ཏེ་དཔའ་རྒོད་ལོས་ལྟ་བ་སོགས་བྱིས་པའི་ཐུན་མོང་མ་ཡིན་པའི་བྱ་བྱེད་འགའ་བྲིས་པས་རྩོམ་རྩལ་ཕུལ་དུ་བྱུང་བ་ཡིན་ཞིང་། དེས་ན་ང་ཚོས་བསླབ་ཚན་གྱི་བྱ་བྱེད་འདི་ལྟ་བུ་འབྲི་སྟངས་ལ་སློབ་སྦྱོང་གིས་རྒྱུན་པར་ཚིག་སྣ་རིང་ཐུང་ཅི་རིགས་ཡོང་བར་འབད་ན་གཞི་ནས་རྩོམ་པ་ལ་ངང་གིས་འཇུག་པའི་གོམས་པ་རང་བཞིན་གྱིས་འོངས།

    གཉིས། སྒྲུང་སོགས་འབེབས་པ་ལས་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་ཐབས་བཤད་པ།

    ཐོས་པའི་འབྲས་བུར་གྱུར་པའི་དོན་གང་རུང་ཞིག་བློ་ཡུལ་དུ་འཆར་བ་དེ་ལྟ་དེ་བཞིན་ཡིག་ལམ་དུ་ཕབ་ནས་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བའི་ལམ་དུ་ཞུགས་པ་ནི་རྩོམ་པའི་ལས་དང་པོ་བ་རྣམས་སྐྱོང་བའི་ཐབས་ལམ་ལེགས་ཤོས་ཤིག་རེད། གང་ལགས་ཤེ་ན། རྩོམ་པ་ལ་འདྲིས་པར་ཚིག་གི་བཞུན་བརྡར་གནད་དུ་ཐོན་པ་ཞིག་དགོས་ཤིང་། ཚིག་གི་སྦྱོར་བ་གནད་དུ་འཁེལ་བ་ལ་སྐད་ཆ་གཟུགས་སྣང་ཅན་དང་རང་མཚན་ཅན་དུ་སྒྱུར་དགོས་པས་སོ།། ཕུལ་བྱུང་གི་བརྩམས་ཆོས་དག་ནི་ཚིག་སྦྱོར་གྱི་ཞིང་ས་གཤིན་པོ་ཡིན་ཞིང་། དེར་སྤྱད་པའི་ཚིག་རྣམས་ནི་གཟུགས་སྣང་དོད་ཅིང་། གསོན་ཉམས་ལྡན་པ་དང་། རང་མཚན་དུ་གྱུར་པ་ཡིན་པས། སློབ་མས་དོན་གྱི་གནད་གང་ཞིག་ལ་ཚིག་གང་ཞིག་སྤྱོད་སྐབས་བུ་ཕ་ཁྱིམ་དུ་སླེབས་པའི་སྣང་བ་འཆར་ངེས། རྒྱུན་དུ་ང་ཚོས་ཀློག་སྤྲོ་བ་ནི་གཟུགས་སྣང་རང་བཞིན་ལྡན་པས་མཛེས་རྟོག་གི་ཡིད་ཡུལ་བསྐྲུན་ཅིང་། རང་མཚན་ཅན་དུ་གྱུར་པས་སྒྱུ་རྩལ་གྱི་བསླུ་བྲིད་ལྡོག་དཀའ་བ་ཡིན། རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བར་ང་ཚོས་རྒྱུན་པར་དམངས་ཁྲོད་སྒྲུང་གཏམ་དང་། འཇིག་རྟེན་གྱི་ཁ་དཔེ། དམངས་གཞས་སོགས་བསྡུ་རུབ་བྱ་རྒྱུའི་སྦྱོང་ཚན་བསྐུར་རྒྱུ་གལ་ཆེ། གལ་ཏེ། སློབ་མའི་བོད་ཡིག་ཆུ་ཚད་ཞན་པོ་ཡོད་ཚེ། སྦྲང་ཆར་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ཟླ་ཟེར། གངས་ལྗོངས་རིག་གནས་སོགས་ལས་སྒྲུང་གཏམ་གང་ཡང་རུང་བ་ཞིག་གམ། ཡང་ན་བརྩམས་སྒྲུང་《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》 《ཆུ་ངོགས་གཏམ་རྒྱུད》 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》 《གཙུག་གཡུ》 《བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད》ལས་གང་རུང་སོགས་རང་གི་འདོད་པ་ལྟར་གཅིག་གཉིས་བལྟས་རྗེས་ཀྱི་མྱོང་བའམ་སྒྲུང་དོན་མདོར་བསྡུས་ཡིག་ལམ་དུ་འབེབས་རྒྱུའི་སྦྱོང་ཚན་བཀོད་སྒྲིག་བྱེད་ཆོག དེ་ལྟར་ཡིག་ལམ་དུ་ཕབ་པ་འདིས་རྩོམ་པའི་ལས་དང་པོ་བ་ལ་ཕན་པ་གང་ཡོད་ཅེ་ན། དེས་སློབ་མའི་སྐད་ཆ་རང་མཚན་ཅན་དུ་གྱུར་པ་ཡིན། ཚིག་སྒྲོས་བསྒྱུར་ནས་བཤད་ན། རང་ཉིད་ཀྱི་སྐད་ཆའི་ཐོག་ནས་བརྗོད་པར་འདོད་པའི་དོན་གང་ཡང་རུང་བ་དེ་ཡིག་ལམ་དུ་འབེབས་པའི་འཇོན་ཐང་གསོ་སྐྱོང་བྱས་པ་དེ་རེད། འདིས་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བའི་རྨང་གཞི་སྟེ། རང་ཉིད་ཀྱི་སྐད་ཆའམ་རང་གི་ལུགས་ལས་དོན་གང་ཞིག་དབབ་པའི་འཇོན་ཐང་དང་ལྡན་པར་བྱས་པས། འདི་ལྟའི་རྨང་གཞི་དང་ལྡན་པ་རྣམས་ཀྱིས་གཞན་རྩོམ་ལད་འབྲི་བྱས་ན། གཞན་ལུགས་ལས་རང་ལུགས་མངོན་པར་གསལ་བ་ཡིན་ཏེ། དེའི་ཐབས་སམ་སྒྱུ་རྩལ་དེ་ལས་སྐད་ཆ་རང་མཚན་ཅན་དུ་གྱུར་ཟིན་པས་སོ། གཞན་ཡང་། འཇིག་རྟེན་གྱི་ཁ་དཔེ་ནི་དམངས་ཁྲོད་སྐད་ཆའི་འོ་མ་བསྲུབས་པའི་མར་ལོ་ཡིན་ཞིང་། དེ་ནི་མི་རྣམས་ཀྱིས་ཤིན་ཏུ་རིང་བའི་དུས་ཡུན་ནང་བཞུན་བརྡར་བྱས་པ་ཡིན་གཤིས། གོ་བདེ་ལ་གཏིང་ཟབ་པ། ཚིག་སྣ་བསྡུས་ལ་འཇུག་པ་བདེ་བས་གཏམ་དཔེ་གཅིག་གིས་བརྗོད་དོན་ཤོག་ལྷེ་མང་པོ་སྟོན་པར་བྱེད་པས་བློ་ཡི་བང་མཛོད་ནས་ཚིག་སྦྱོར་གྱི་ནོར་བུ་གང་འདོད་དུ་སྤྱོད་རྒྱུ་ཡོད་པ་ལ་རེམས་དགོས་པར་སྣང་ངོ་།

    གསུམ། གང་བསམ་དེ་བྲིས་ལས་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་ཐབས་བཤད་པ།

    འདི་ནི་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། རང་སེམས་གསོ་བའི་གྲོགས་པོ་བློས་ཐུབ་ཅིག་ཀྱང་རེད། དེ་ཡང་དཔེར་ན། ད་ཐེངས་ཀྱི་ཚོགས་ཐུན་ནི་ནམ་མཁའ་ནས་ཁ་བའི་འདབ་མ་ལྷབ་ལྷུབ་བབས། ནོར་འཛིན་བུ་མོས་ཁ་བའི་གོས་དཀར་བཀླུབས། ན་མཉམ་སློབ་གྲོགས་གངས་དམག་རྣམ་པར་རྩེད་པའི་རྣམ་པ་དེ་བསླབ་ཚན་དངོས་གཞི་མ་འཚོག་གོང་སློབ་མ་སོ་སོའི་མྱོང་བ་ལྟར་ལམ་སེང་ཡིག་ལམ་དུ་དབབ་པར་སྐུལ་བ་དང་། བསླབ་ཚན་ལས་བརྗོད་བྱ་སེམས་འགུལ་ཐེབས་པ་གང་རུང་ཞིག་མཐོང་བའི་མུར་སློབ་མ་རྣམས་ལ་དེ་དོན་རང་སྟོབས་ཀྱིས་རང་གི་སྐད་ཆས་དབབ་པར་སྐུལ་བ། མི་སྣ་རླབས་པོ་ཆེ་སྐུ་འཁྲུངས་པའམ་འདས་པའི་ཉིན་མོར་རྣམ་ཐར་ཐུང་ངུ་རེ་འཆད་རྗེས་སློབ་མར་མྱོང་བ་མཚོན་པའི་ཚིག་དུམ་འགའ་རེ་འབྲི་བར་སྐུལ་བ། སློབ་མ་སོ་སོ་རང་ཉིད་ཀྱི་བག་ཆགས་ཟབ་པ་རྣམས་ཉིན་ཐོ་སོགས་ཀྱི་ལམ་ནས་སེམས་དོན་མཚོན་པའི་གོམས་གཤིས་འཇགས་པ་གལ་ཆེ། གལ་ཏེ་དེ་ལྟར་རྩོམ་གཤིས་རང་མཚན་ཅན་ནམ་རང་གི་སྐད་ཆས་དོན་གྱི་གནད་སྟོན་ནུས་ན། ད་གཟོད་འབྲིང་རྒྱུགས་སོགས་ལ་བརྗོད་བྱ་སྐབས་དོན་ལྟར་རང་སྟོབས་ཀྱིས་གོ་བ་བླངས་ནས་འབྲི་བ་ལ་ཚེགས་མེད་པར་གྱུར་རོ། །

    མདོར་ན། སློབ་ཁྲིད་ཀྱི་སྐབས་སུ་སློབ་མའི་རྩོམ་འབྲིའི་འཇོན་ཐང་མཐོ་རུ་གཏོང་བའི་ཐབས་ལམ་མང་པོ་ཡོད་མོད། འདིར་ཁོ་བོའི་སློབ་ཁྲིད་ཀྱི་མྱོང་བ་ལྟར་བྱས་པ་ནི་འདི་ལྟར་ལགས་པས། གྲོགས་མཐུན་རྣམས་ཀྱིས་དཔྱད་བརྗོད་ཡོད་པ་ཞུ།

    (བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སྐལ་བཟང་རྡོ་རྗེས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།