[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་ཚད་གཞིའི་སྐོར་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    ཆ་འཕྲིན་གྱི་རིན་ཐང་ཉིན་བཞིན་ཆེ་རུ་ཕྱིན་ནས་འགྲོ་བ་མིའི་འཚོ་བ་དང་ཁ་བྲལ་དུ་མེད་པ་ཞིག་ཏུ་གྱུར་བའི་དུས་རབས་འདི་ལ། མི་རྣམས་ཀྱི་ཆ་འཕྲིན་ཅན་གྱི་དུས་རབས་སུ་འབོད་པ་གང་དེའི་སྲོག་ཤིང་དུ་གྱུར་པ་ནི། ཆ་འཕྲིན་གྱི་རིན་ཐང་མི་ཉམས་པར་ཁྱབ་སྤེལ་བྱས་ཏེ། བསམ་པའི་དཔལ་ཡོན་དང་། དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཡིན། བོད་ཡིག་གསར་འགྱུར་ཡིག་སྒྱུར་གྱི་བགྱི་བ་དང་དུ་ལེན་མཁན་དག་ལ་མཚོན་ན། མིག་སྔའི་གནས་བབ་འོག གསར་འགྱུར་ཡིག་སྒྱུར་ནི་མི་རིགས་ས་ཁུལ་དུ་གསར་འགྱུར་དྲིལ་བསྒྲགས་བྱེད་པའི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། འཛམ་གླིང་ས་ཕྱོགས་ཁག་ཏུ་ཐོན་པའི་གསར་འགྱུར་དག་ཡངས་པའི་མི་རིགས་ས་ཁུལ་དུ་ཁྱབ་སྤེལ་བྱེད་པར། གསར་འགྱུར་ཡིག་སྒྱུར་གྱི་ཚད་གཞི་དང་བསྟུན་རྒྱུ་ནི་དེའི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ། ཡིག་སྒྱུར་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། དེས་ན་གསར་འགྱུར་ཡིག་སྒྱུར་གྱི་ཚད་གཞི་གང་འདྲ་ཞིག་བཟུང་དགོས་མིན་ནི། གསར་འགྱུར་ཁྱབ་སྤེལ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ལག་ལེན་དོན་འཁྱོལ་ཡོང་མིན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། དེས་ན་ཡིག་སྒྱུར་གྱི་ཚད་གཞི་དང་། གསར་འགྱུར་གྱི་ཁྱད་ཆོས་ཕྱོགས་གཉིས་ནས་གསར་འགྱུར་ཡིག་སྒྱུར་གྱི་ཚད་གཞི་གང་འདྲ་ཞིག་བཟུང་དགོས་མིན་སྐོར་ལ་དཔྱད་གླེང་བྱ་རྒྱུ་སྟེ།

    དང་པོ། གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་ནང་ཡིག་སྒྱུར་གྱི་སྤྱིའི་ཚད་གཞི་འཛིན་དགོས་པ།

    ཡིག་སྒྱུར་གྱི་དམིགས་ཡུལ་ནི་མ་ཡིག་གི་ནང་དོན་ནོར་འཁྲུལ་མེད་པར་ཇི་མ་ཇི་བཞིན་ཕབ་སྒྱུར་བྱ་རྒྱུ་དེ་ཡིན་ཞིང་། གསར་འགྱུར་ཡིག་སྒྱུར་གྱི་དམིགས་ཡུལ་ཡང་དེ་ལས་མ་འདས་པས། ཡིག་སྒྱུར་གྱི་སྤྱིའི་ཚད་གཞི་བཟུང་དགོས་པ་དེ་ནི་གསར་འགྱུར་ཡིག་སྒྱུར་སྐབས་དོར་དུ་མེད་པ་ཞིག་རེད། བོད་ཀྱི་ཡིག་སྒྱུར་གྱི་ལོ་རྒྱུས་ཡུན་རིང་ཞིང་། ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ལག་ལེན་གྱི་བརྒྱུད་རིམ་ནང་ཡིག་སྒྱུར་གྱི་ཚད་གཞི་ཡང་མང་པོ་བཏོན་གནང་ཡོད། དེ་ཡང་ཐོག་མར་ཡིག་སྒྱུར་གྱི་རྩ་དོན་དང་ཚད་གཞི་གཉིས་ནས་གླེང་དགོས་ཤིང་། དེ་གཉིས་གཅིག་ཏུ་ངོས་འཛིན་བྱེད་པ་ཡོད་མོད་ཀྱང་། དེ་གཉིས་མི་མཐུན་ཏེ། རྩ་དོན་ནི་ཡིག་སྒྱུར་བ་ཡིག་སྒྱུར་གྱི་ལས་ལ་ཞུགས་དུས་ངེས་པར་བརྩི་སྲུང་བྱ་དགོས་པའི་དོན་ཡིན་པ་སྟེ་ཡིག་སྒྱུར་གྱི་ངོ་བོར་ལྟོས་ནས་བཤད་པ་དང་། ཚད་གཞི་ནི་འགྱུར་དེ་ཉིད་ལེགས་མིན་གྱི་འཇལ་བྱེད་ཁྲེ་ཙེ་ལྟ་བུ་ཡིན་པ་སྟེ་ཡིག་སྒྱུར་གྱི་ཡུལ་ལ་དམིགས་ནས་ཞིག་རེད། དེ་ལྟར་རྩ་དོན་དང་ཚད་གཞི་གཉིས་ཀྱི་འཇོག་སྟངས་སོ་སོར་གྱུར་ཀྱང་། སྐབས་རེར་དོན་གཅིག་ཏུ་སོང་བའང་ཡོད་དེ། དཔེར་ན། རྒྱ་ནག་གི་ཡིག་སྒྱུར་བ་ཡན་ཧྥུ་ཡིས་གཏན་ལ་ཕབ་པའི“信、达、雅”ཞེས་པ་ཡིག་སྒྱུར་གྱི་ཚད་གཞི་ཡིན་པ་ཀུན་ཀྱི་ཁས་ལེན་པ་སྟེ། འགྱུར་གང་ཞིག་དོན་དང་འགལ་བ་ཡོད་མེད། དོན་ལྟར་ཐོན་ཡོད་མེད། འགྱུར་ཚིག་སྙན་འཇེབས་ལྡན་མིན་གྱིས་ཚད་འཇལ་ནུས་པའི་ཕྱིར། དེ་ལ་རྩ་དོན་ཡང་ཡོད་དེ། ཡིག་སྒྱུར་བས་འགྱུར་གང་ཞིག་ཕབ་དུས། ངེས་པར་དུ་མ་ཡིག་གི་དོན་དང་མཐུན་དགོས་པ་དང་། འགྱུར་ཡིག་དེས་ངེས་པར་དུ་མ་ཡིག་གི་དོན་མཚོན་ཐུབ་དགོས་སོ།

    གསར་འགྱུར་ཡིག་སྒྱུར་སྐབས་མ་ཡིག་གི་དོན་དང་མི་འགལ་བ་བྱ་རྒྱུ་དེ་ནི་ཡིག་སྒྱུར་སྤྱི་དང་ཡང་སྒོས་གསར་འགྱུར་ཡིག་སྒྱུར་གྱི་སྲོག་ཤིང་ཡིན། དེ་ཡང་ཐོག་མར་མ་ཡིག་ལ་གོ་བ་གཏིང་ཟབ་བླངས་པའི་རྨང་གཞིའི་ཐོག་ཕབ་བྱའི་སྐད་དང་ཡི་གེའི་ལམ་ནས་གནད་ལ་འཁེལ་བའི་སྒོ་ནས་མངོན་རྒྱུ་དེ་ཡིན། མ་ཡིག་ལ་གོ་བ་ཡག་པོ་ཞིག་ལེན་མི་ཐུབ་ཚེ། ཡིག་སྒྱུར་གྱི་བྱ་བ་སྒྲུབ་མི་ཐུབ་ཅིང་། གལ་ཏེ་ཨུ་ཚུགས་ཀྱིས་ཡིག་སྒྱུར་བྱས་རུང་དོན་དང་མི་འགལ་བར་གནད་ལ་འཕིགས་པ་ཞིག་སྒྱུར་དཀའ་བ་ཡིན་པས། མ་ཡིག་ལ་གོ་བ་ཡག་པོ་ལེན་རྒྱུ་ནི་འགྱུར་ཡང་དག་པ་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། འདིར་བརྗོད་པའི་གོ་བ་ནི་ཚིག་ངོས་ཀྱི་དོན་ལ་གོ་བ་ཙམ་ཡིན་པར། མ་ཡིག་གི་བསྟན་དོན་དང་། ཚིག་གི་གྲུབ་ཚུལ། དེ་བཞིན་དེའི་རྒྱབ་ལྗོངས་སོགས་ལ་གོ་བ་ལེན་རྒྱུ་དེའོ། དེའི་རྨང་གཞིའི་ཐོག་ཕབ་བྱའི་སྐད་དང་ཡི་གེའི་ལམ་དུ་མ་ཡིག་གི་ནང་དོན་ཡང་དག་པ་ཕབ་སྒྱུར་ཐུབ་པ་ཡིན། དེས་ན་གོ་བ་ལེན་པ་དང་ཕབ་སྒྱུར་བྱེད་པ་གཉིས་ནི་གཅིག་ལ་གཅིག་བརྟེན་དང་། ལས་རིམ་སྔ་ཕྱིའི་འབྲེལ་བ་ཡིན།

    གསར་འགྱུར་ཡིག་སྒྱུར་གྱི་ནང་སྒྱུར་བྱའི་སྐད་ལུགས་དང་མཐུན་པ་བྱ་རྒྱུ་ནི་གསར་འགྱུར་ཁྱབ་སྤེལ་གྱི་ཐབས་མཆོག་ཅིག་ཡིན། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་དུས་ཡུན་རིང་པོའི་ལོ་རྒྱུས་སུ་འཕེལ་རྒྱས་བྱུང་བའི་ལག་ལེན་གྱི་སྙིང་པོ་ཞིག་ཡིན་པས། མི་རིགས་དེའི་བསམ་བློ་གཏོང་སྟངས་འདུས་ཡོད། ས་བྷིར(爱德华•萨丕尔)གྱི་སྐད་ཀྱི་བསྟན་བཅོས་ལས། “བསམ་བློ་གཏོང་སྟངས་ནི་ཕྱིའི་ཐོག་ཁེབས་དོར་བའི་སྐད་ཉིད་ཡིན་ལ། སྐད་ཀྱི་རྣམ་པར་འགྱུར་བ་དག་ནི་བསམ་བློ་གཏོང་སྟངས་ལས་འབྱུང”ཞེས་གསུངས་པ་བཞིན་སྐད་ཀྱི་ཕབ་སྒྱུར་ནི་དོན་དམ་དུ་བསམ་བློ་གཏོང་སྟངས་ལ་འགྱུར་བ་བཏང་བ་ཞིག་ཡིན་པས། ཡིག་སྒྱུར་སྐབས་རང་གི་སྐད་ལུགས་དང་མཐུན་པ་བྱ་རྒྱུ་དེ་ནི་དོན་དམ་དུ་མི་རིགས་དེའི་བསམ་བློ་གཏོང་སྟངས་ལ་གཞིགས་ཏེ་གོ་བདེ་བའི་ཐོག་ནས་མ་ཡིག་གི་ནང་དོན་མངོན་པ་དེ་ཡིན།

    གཉིས་པ། གསར་འགྱུར་ཡིག་སྒྱུར་ལ་གསར་འགྱུར་གྱི་ཁྱད་ཆོས་མི་ཉམས་པ་བྱ་དགོས།

    ཡིག་སྒྱུར་ནི་སྐད་ཡིག་བརྗེ་སྒྱུར་གྱི་ལས་ཀ་ཞིག་ཡིན་པས། ཕབ་སྒྱུར་བྱས་པའི་སྐད་དང་ཡི་གེའི་ཐོག་ནས། མ་ཡིག་གི་གསར་འགྱུར་ཆ་འཕྲིན་ཆད་ལྷག་མེད་པར་བརྒྱུད་སྤེལ་བྱ་རྒྱུ་དེ་ནི་གསར་འགྱུར་ཡིག་སྒྱུར་གྱི་ལས་འགན་གཙོ་བོ་རེད། སྤྱིར་གསར་འགྱུར་གང་ཡིན་རུང་ནང་དོན་གྱི་ཆ་ནས་དུས་ཚོད་དང་ས་གནས་ངེས་ཅན་ཞིག་ཏུ་བྱུང་བའི་དོན་རྐྱེན་ཞིག་ཡིན་ལ། དེ་བརྒྱུད་སྤེལ་བྱེད་པའི་ཐབས་ལམ་གྱི་ཆ་ནས་དངོས་ཡོད་གནས་ཚུལ་ཇི་བཞིན་འཁྱོག་བཤད་མེད་པའི་སྒོ་ནས་ངོ་སྤྲོད་བྱེད་དགོས་པ་དེ་ཡིན།

    གསར་འགྱུར་ཡིག་སྒྱུར་སྐབས་གསར་འགྱུར་ཁྱབ་སྤེལ་གྱི་ནུས་པར་མཐོང་ཆེན་བྱེད་དགོས། གསར་འགྱུར་ཡིག་སྒྱུར་ནི་སྤྱིར་བཏང་ཡིག་སྒྱུར་གྱི་བྱ་བ་དང་མི་འདྲ་བར། ངེས་པར་དུ་གསར་འགྱུར་ཁྱབ་སྤེལ་གྱི་ཕན་འབྲས་ལ་བསམ་གཞིག་གང་ལེགས་བྱེད་དགོས། ཨ་རིའི་གསར་འགྱུར་ཁྱབ་སྤེལ་རིག་པའི་སྲོལ་འབྱེད་མཁན་དུ་འབོད་པའི་ལཱ་སི་འོལ(哈罗德·拉斯韦尔)གྱིས་བཏོན་པའི་ཁྱབ་སྤེལ་གྱི་རྐྱེན་ལྔ་ཞེས་པའི་ནང་ཁྱབ་སྤེལ་བྱེད་སྒོ་ཅི་རུང་བ་ཞིག་ཡིན་རུང་། སུས་བཤད་པ་དང་། གང་ཞིག་བཤད་པ། ཐབས་ལམ་གང་ཞིག་སྤྱད་པ། སུར་དམིགས་པ། འབྲས་བུ་གང་ཐོན་པ་བཅས་ཚུད་ཡོད་པའི་ངོས་འཛིན་བྱས་ཡོད། དེའི་ནང་གི་འབྲས་བུ་གང་ཐོན་པ་ཞེས་པ་དེ་ནི་གསར་འགྱུར་ཁྱབ་སྤེལ་གྱི་ཕན་ནུས་ལ་གོ་ཞིང་། དེ་ནི་གསར་འགྱུར་ཁྱབ་སྤེལ་བྱ་བའི་ཚད་གཞི་འཛིན་ས་གལ་ཆེན་ཞིག་རེད། གལ་ཏེ་ཡིག་སྒྱུར་སྐབས་ཁྱབ་སྤེལ་གྱི་ཕན་ནུས་དེ་ཐོན་མ་ཐུབ་ཚེ། གསར་འགྱུར་དེའི་རིན་ཐང་མངོན་མི་ཐུབ། དཔེར་ན། རྒྱ་སྐད་ཀྱི“草根”དང་། “二百五”ལྟ་བུ་རྩྭའི་རྩ་བ་དང་། ཉིས་བརྒྱ་ལྔ་བཅུ་ཞེས་སུ་ཐད་ཀར་སྒྱུར་ཚེ། མི་རིགས་མི་འདྲ་བའི་བར་གྱི་རིག་གནས་ཀྱི་ཁྱད་པར་དང་། སྐད་ཡིག་གི་ཁོར་ཡུག་མི་འདྲ་བ་ལས་བསྟན་དོན་གོ་མི་ཐུབ་པ་དང་། དེ་ལྟ་བུ་གསར་འགྱུར་ཁྱབ་སྤེལ་གྱི་ཕན་ནུས་ལ་མ་བལྟོས་པར་ཡིག་སྒྱུར་བྱེད་པ་ནི་གསར་འགྱུར་ཡིག་སྒྱུར་གྱི་ཚད་གཞིར་ངོས་འཛིན་གསལ་པོ་མེད་པ་ལས་བྱུང་བའོ།

    གསར་འགྱུར་གྱི་ཁ་གསལ་ལ་གོ་བདེ་བའི་རྩོམ་གཤིས་མི་ཉམས་པ་བྱེད་དགོས་པ། གསར་འགྱུར་ཡིག་སྒྱུར་གྱི་ནང་དོན་རྒྱ་ཆེ་ཞིང་། ཆབ་སྲིད་དང་། རིག་གནས། དཔལ་འབྱོར། དམག་དོན་སོགས་སྤྱི་ཚོགས་ཁག་གི་ནང་དོན་འདུས་ཡོད་པ་མ་ཟད། དུས་ཚོད་ཀྱི་ཐོག་ནས་གང་མགྱོགས་ཕབ་སྒྱུར་བྱེད་དགོས་པ་དང་། བསྒྱུར་བྱའི་ནང་དོན་རྙོག་རྫོབ་ཆེ་བ། ཐ་སྙད་གསར་པ་ཐོན་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། འོན་ཀྱང་གསར་འགྱུར་སྒྱུར་ཡིག་ལ་ནང་དོན་ཁ་གསལ་བ་དང་། བརྗོད་པ་ཐུང་ལ་བདེ་བ། བརྡ་རྙིང་སོགས་གོ་དཀའ་བའི་མིང་གིས་མ་བཅིངས་པའི་བླང་བྱ་དང་ཚད་གཞི་ཡོད་སྟབས། ཡིག་སྒྱུར་སྐབས་ཚིག་མཛོད་ནང་གི་མིང་ཚིག་དག་བང་སྒྲིག་མི་བྱེད་པར། ཆབ་སྲིད་ཀྱི་ལམ་ལུགས་དང་། རིག་གནས་ཀྱི་ཁྱད་པར། སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་ལ་བསྟུན་ནས་གོ་སླ་བ་དང་། བརྗོད་པ་བདེ་བ་ཞིག་ཡོང་བར་འབད་དགོས། དཔེར་ན། རྒྱ་ཡིག་གི“备胎”ལྟ་བུར་ཆ་བཞག་ན། དེ་ནི་རླངས་འཁོར་གྱི་རྗེས་གྲབས་འཁོར་ལོ་ལ་གོ་ཞིང་། རླང་འཁོར་གྱི་རྒྱབ་ངོས་སུ་བཀལ་ནས་ཉིན་ཞིག་རྒྱུན་སྤྱོད་འཁོར་ལོ་གང་ཞིག་ལ་སྐྱོན་བྱུང་ཚེ། གཞི་ནས་བེད་སྤྱོད་ཀྱི་སྐལ་བ་ཐོབ་པར་གོ་ཞིང་། ད་ལྟའི་ཆར། ཕོ་མོའི་བརྩེ་དུང་གི་འབྲེལ་བའི་ནང་། ཚབ་བྱེད་དུ་འཇོག་པའི་མཛའ་གྲོགས་ལ་གོ་བ་ལྟ་བུ་ཡིན། དེས་ན་ཡིག་སྒྱུར་སྐབས་རྩོམ་ཡིག་གི་གོང་འོག་དང་། སྦྲེལ་མཐུད་ལ་གཞིགས་ཏེ། ནང་དོན་གོ་སླ་བ་དང་། བརྗོད་པ་བདེ་བ་ཞིག་ཏུ་ཕབ་སྒྱུར་བྱེད་དགོས། ཐ་ན་གསར་འགྱུར་ཡིག་སྒྱུར་གྱི་ནང་འགྲེལ་བཤད་ལྟ་བུའི་ཕབ་སྒྱུར་མང་པོ་ཞིག་ཐོན་གྱི་ཡོད་ཅིང་། གཏན་ཚིགས་ཀྱི་རང་བཞིན་ཞན་རུང་། ཀློག་པ་པོར་དེ་ལྟ་བུའི་འགྲེལ་བཤད་ཅིག་དགོས་པ་ནི་སྨོས་མེད་ལགས། དེ་ལྟར་འགྲེལ་བཤད་བྱེད་པ་ནི་གསར་འགྱུར་གྱི་ནང་དོན་གོ་བདེ་ལ་ཤེས་སླ་བའི་ཆེད་དུ་རེད། ལྷག་པར་བོད་ཡིག་གསར་འགྱུར་ཡིག་སྒྱུར་གྱི་ནང་། བརྡ་སྤྲོད་ཀྱི་ཆོས་ཉིད་དང་ཐ་སྙད་གདམ་གསེས་བྱེད་སྟངས་གང་ཐད་ནས་བོད་སྤྱི་ལ་ཁྱབ་ཅིང་ཡོངས་སུ་གྲགས་པ་དང་། ཡིག་སྐད་དང་མཐུན་པ་དེ་རིགས་བེད་སྤྱོད་བྱེད་པར་འབད་དགོས། དེ་ལས་ལྡོག་སྟེ་རང་གི་ཡུལ་ལུང་ཆུང་ཆུང་གི་ཁ་སྐད་འབའ་ཞིག་ཨུ་ཚུགས་མཁྲེགས་འཛིན་གྱི་སྒོ་ནས་བོད་སྤྱི་ལ་མ་ཁྱབ་པའི་བརྡ་སྦྱོར་ལུགས་དང་། རང་ཡུལ་ལུང་པ་ཁོ་ནར་མ་གཏོགས་གྲགས་མེད་པའི་ཐ་སྙད་བེད་སྤྱོད་མང་དུ་བྱས་ན། སྐད་ཡིག་འཕེལ་རྒྱས་ཀྱི་གེགས་སུ་གྱུར་བ་མ་ཟད། གསར་འགྱུར་ཁྱབ་སྤེལ་གྱི་ནུས་པ་ཡང་ཉམས་འགྲོ་བས། ཡིག་སྒྱུར་གྱི་དམིགས་ཡུལ་སྒྲུབ་མི་ཐུབ་པའོ། །

    མདོར་ན། གསར་འགྱུར་ཡིག་སྒྱུར་ནི་ཡིག་སྒྱུར་གྱི་བྱ་བ་གཞན་དང་འདྲ་བར། ཡིག་སྒྱུར་གྱི་རྩ་དོན་ལ་བསྟུན་དགོས་ལ། གསར་འགྱུར་གྱི་ཁྱད་ཆོས་ཀྱང་གང་ལེགས་མངོན་པར་བྱེད་དགོས་པའི་བྱ་བ་ཞིག་ཡིན་པས། ཚད་གཞི་དེ་གཉིས་གསར་འགྱུར་ཡིག་སྒྱུར་སྐབས་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་ནི་གསར་འགྱུར་གྱི་ཆ་འཕྲིན་ནང་དོན་ཆད་ལྷག་མེད་པར་སྒྱུར་ཡིག་ཐོག་ཕབ་སྒྱུར་བྱེད་པ་དང་། སྒྱུར་ཡིག་གི་ཀློག་པ་པོར་གོ་སླ་བ་དང་། ཉན་བདེ་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གསར་འགྱུར་ཆ་འཕྲིན་གྱི་ཁྱབ་སྤེལ་ནུས་པ་མི་ཉམས་པ་དང་། མ་ཡིག་གི་བསྟན་དོན་མཚོན་པ་བྱེད་དགོས་པ་དེ་ཡིན།

    (ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བསྟན་འཛིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།