[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་ཐབས་ཅུང་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-30

    རྩོམ་ཡིག་ནི་འཇིག་རྟེན་གྱི་གནས་ལུགས་དང་། སྤྱི་ཚོགས་ཀྱི་འཚོ་བ། འཛམ་གླིང་གི་འཕེལ་རྒྱས། རང་བྱུང་གི་ཆོས་ཉིད། མིའི་རིགས་ཀྱི་འཚོ་བ་སོགས་གསལ་རྟོགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས། དེར་བརྟེན་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་སྐབས་སློབ་མའི་ལྟ་ཞིབ་ཀྱི་འཇོན་ཐང་དང་། བསམ་པའི་འཆར་སྒོ། ཐོས་བསམ་གྱི་འཇོན་ཐང་སོགས་ཀྱི་གསོ་སྐྱོང་ལྟེ་བར་འཇོག་དགོས་ལ། རྩོམ་ཡིག་དགེ་རྒན་ནི་སློབ་མའི་བརྩམ་ཆོས་ཉམས་ཞིབ་བྱེད་མཁན་ཙམ་མ་ཡིན་པར་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་མཛུབ་ཁྲིད་དང་། རོགས་རམ་བྱེད་མཁན་ཞིག་རེད། དེར་བརྟེན་དགེ་རྒན་གྱིས་ངེས་པར་དུ་སློབ་གསོའི་འདུ་ཤེས་གསར་བརྗེས་ཀྱིས་རྩོམ་ཡིག་སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ཤེས་ལ་སྒྱུར་བཅོས་བྱས་ཏེ། སློབ་མ་རྣམས་རྩོམ་ཡིག་འབྲི་བར་དགའ་པོ་དང་། གསར་རྩོམ་ལ་གཞོལ་བའི་འདུན་པ་འཕེལ་བར་བྱས་ཚེ། གཞི་ནས་སློབ་མའི་རྩོམ་འབྲིའི་གསར་གཏོད་ཀྱི་འཇོན་ཐང་གོང་མཐོར་གཏོང་ཐུབ་ལ། གསར་རྩོམ་གྱི་རིགས་ལམ་ཡང་འཚོལ་ཞིབ་བྱ་ཐུབ། འོན་ཀྱང་རྩོམ་པའི་ལས་ལ་ཐོག་མར་འཇུག་པའི་སློབ་མ་རྣམས་རྟག་པར་རྩོམ་ཡིག་འབྲི་བར་དགའ་སྣང་དེ་ཙམ་མེད་ལ་ཐ་ན་སློབ་མ་འགའ་ཞིག་གིས་སེམས་ཀྱི་ཁུར་པོར་བརྩི་བར་བརྟེན་ནས་རྩོམ་ཡིག་ཅེས་པའི་ཐ་སྙད་ཐོས་པ་ཙམ་གྱིས་བསུན་སྣང་དང་བློ་ཡིད་མི་བདེ་བ་ཆགས་ཀྱི་ཡོད། དེའང་ཁོ་ཚོས་རྩོམ་ཡིག་འབྲི་སྐབས་དམིགས་བསལ་གྱི་བྲི་བྱའི་ནང་དོན་མེད་ཅིང་རྗོད་བྱེད་ཚིག་གིས་ཕོངས་པར་བརྟེན་གང་དྲན་དྲན་གྱིས་འབྲི་བ་དང་། སྔ་ཚིག་ཕྱི་འགལ་གྱི་ཚིག་རོ་རེ་འགའ་བཤུས་ཏེ་ཡར་སྤྲོད་པ་ཙམ་ལས་རང་གི་བསམ་ཚུལ་ཇི་བཞིན་འབྲི་ཐུབ་ཀྱི་མེད། དེ་ན་འདིར་གནད་དོན་ཀྱི་རིགས་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ལ་རང་གི་བསམ་ཚུལ་ཕྲན་ཙམ་བརྗོད་པར་བྱ་སྟེ། 

    གཅིག ལྟ་ཞིབ་ཟིན་ཐོ་འགོད་རྒྱུ་ནི་རྩོམ་ཡིག་སྦྱོང་བའི་རྨང་གཞི་ཡིན། 

    རྣམ་ཀུན་རྩོམ་ཡིག་གི་ཁ་བྱང་གང་རུང་ཞིག་གི་ཐོག་མའི་དཔྱད་གཞི་མང་དག་ཅིག་སློབ་མ་སོ་སོའི་ལུས་སམ་རང་གི་ཁོར་ཡུག་ཏུ་ཡོད་ཀྱང་། རྩོམ་འབྲིའི་ལས་ལ་དངོས་སུ་གཞོལ་སྐབས་དེ་དག་འབྲི་དཀའ་བའམ་ཡང་ན་འབྲི་མི་ཐུབ་པའི་གནས་སུ་གྱར་བཞིན་ཡོད། དེའི་གནད་འགག་གཙོ་བོ་ནི་དགེ་རྒན་གྱིས་བྱ་དངོས་ཁག་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་དང་། ལྟ་ཞིབ་བྱ་ཐབས་སོགས་སློབ་མ་རྣམས་ལ་རྩིས་སྤྲོད་ཐུབ་མེད་པར་བརྟེན། ཁོ་ཚོས་རྣམ་ཀུན་བྱ་དངོས་དེ་དག་ཐེངས་མང་མཐོང་ཡང་སྣང་མེད་དུ་འཇོག་པའི་ངང་ཚུལ་རང་ཤུགས་སུ་ཆགས་པས། རྩོམ་འགོ་འཛུགས་པ་དང་རྩོམ་མཇུག་བསྡུ་བ་དུས་མཉམ་དུ་གནས་པ་ལྟ་བུའི་གནས་ཚུལ་ཐོན་པ་རེད། གནས་ཚུལ་དེ་དག་བསླབ་བྱར་བྱས་ཏེ་རྒྱུན་དུ་སློབ་མ་རྣམས་ལ“དྲན་ཤེས་རབ་ལས་སྨྱུག་རུལ་བཟང་ཞེས་པའི་དཔེ་ལྟར་མཐོང་ཐོས་གང་བྱུང་བ་དུས་ཐོག་ཏུ་ཟིན་བྲིས་བཀོད་ཚེ། བརྗེད་ངད་དབང་དུ་མི་འགྲོ་ལ། འཚོལ་ཞིབ་དང་། བེད་སྤྱོད་བདེ་བ་མ་ཟད། ལྟ་ཞིབ་ཀྱི་འཇོན་ཐང་ཡང་གོང་མཐོ་དང་། བསམ་ཚོད་དང་བསམ་གཞིག་གི་འཇོན་ཐང་གསོ་སྐྱོང་། ཞིབ་གླེང་གི་འཇོན་ཐང་སྦྱོང་བརྡར་ཐུབ་པ་སོགས་ཕན་ནུས་ཆེན་པོ་ཐོན་ཐུབ”ཅེས་གསུངས་པ་བཞིན། རྣམ་ཀུན་རང་གི་མཐོང་ཐོས་སུ་གྱུར་པའི་བྱ་དངོས་དང་། དོན་རྐྱེན་མཐའ་དག་ཟིན་ཐོར་བཀོད་ཚེ། རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་ཐུབ་པ་མ་ཟད། སློབ་མའི་ལྟ་ཞིབ་ཀྱི་འཇོན་ཐང་དང་། དྲན་ཤེས་ཀྱི་འཇོན་ཐང་ཡང་གསོ་སྐྱོང་བྱེད་ཐུབ་ལ། ཤུགས་རྐྱེན་བཟང་པོ་དེ་ལས་སློབ་མར་གསར་གཏོད་ཀྱི་བསམ་གཞིག་ཀྱང་རང་ཤུགས་ཀྱིས་ཆགས་ཐུབ་ངེས་རེད།

    གཉིས། མང་ཙམ་ཀློག་པ་ནི་རྩོམ་འབྲིའི་འཇོན་ཐང་གསོ་བའི་གནད་དམ་པ་ཡིན།

    བརྩམས་ཆོས་མང་ཙམ་ཀློག་པ་དང་དེ་བས་ཕུལ་བྱུང་གི་བརྩམས་ཆོས་མང་ཙམ་བཀླགས་ཚེ། དེ་ལས་རང་ཉིད་ཀྱི་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་འགྲོ་ཐུབ་པ་མ་ཟད། འཇིག་རྟེན་ལ་འཚོལ་ཞིབ་དང་། སྤྱི་ཚོགས་ཀྱི་འཚོ་བར་མྱོང་རོལ། བྱ་དངོས་ལ་བརྟག་ཞིབ་བྱེད་པའི་བསམ་པའི་སྒུལ་ཤུགས་ཇེ་ཆེར་འཕེལ་ཐུབ་པ་སྨོས་མི་དགོས། དེས་ན་དགེ་རྒན་གྱིས་ངེས་པར་དུ་རྒྱུན་གཏན་ནས་སློབ་མ་ཚོར་དཔེ་དེབ་མང་ཙམ་ཀློག་ཏུ་འཇུག་དགོས་ལ། སློབ་མའི་ཆུ་ཚད་དང་མཐུན་པའི་དཔེ་དེབ་གང་མང་མཁོ་འདོན་དང་ངོ་སྤྲོད་གང་ལེགས་གནང་རྒྱུ་ནི་གཙོ་གལ་ཤིན་ཏུ་ཆེ་བ་ཞིག་རེད། དེ་ཡང་། “བློ་གྲོས་ལྡན་པས་ལེགས་བསྐྱངས་ན། སྐྱེས་བུ་དམན་པའང་མཆོག་ཏུ་གྱུར།”ཞེས་པ་ལྟར། སློབ་ཁྲིད་དགེ་རྒན་རང་ཉིད་ཀྱིས་སློབ་མ་ཚོར་རྩོམ་སྟངས་མི་འདྲ་བའི་རྩོམ་ཡིག་མང་ཙམ་ཀློག་ཏུ་བཅུག་ཚེ། ཁོ་ཚོས་རིམ་བཞིན་གཞན་གྱི་རྩོམ་ཡིག་ཀློག་ཤེས་པ་དང་། རང་ཉིད་ཀྱི་སྐད་ཆའི་སྒྱུ་རྩལ་ཡང་གོང་མཐོར་འགྲོ་ཐུབ་པས། སྙན་ངག་དང་། ལེགས་བཤད། བསླབ་བྱ། དམངས་གཞས། གཏམ་དཔེ་སོགས་ཀློག་སྐབས་དེ་དག་བློར་བཟུང་ནས་ཚིག་གི་སྦྱོར་སྟངས་ཤེས་ན་རྗེས་སུ་རྩོམ་ཡིག་འབྲི་དུས་ཚིག་དེ་དག་རང་གི་རྩོམ་ཡིག་གི་ལུང་དུ་འདྲེན་ཆོག་པ་མ་ཟད། མིང་དང་ཚིག་མི་འདང་བའི་དཀའ་ཁག་སེལ་ཐུབ། དེ་བས་ལྷུག་རྩོམ་ཀློག་སྐབས་ལྷུག་རྩོམ་གྱི་ནང་དུ་ཡུལ་ལྗོངས་དང་ལྗོན་ཤིང་། མེ་ཏོག་དང་སྲོག་ཆགས། མི་དང་དོན་དག དངོས་པོ་སོགས་ཀྱི་རྣམ་པ་བྲིས་པའི་སྙན་འཇེབས་ལྡན་པའི་ཚིག་བློར་འཛིན་པའམ་ཡང་ཡང་ཀློག་ཏུ་བཅུག་ནས་ངག་ལ་བྱང་བར་བྱེད་དགོས་པ་དང་། སྒྲུང་གཏམ་ཀློག་དུས་མི་སྣ་དང་ཁོར་ཡུག་ཀྱི་བཀོད་པ་སོགས་ལེགས་པའི་ཚིག་སྦྱོར་ཡང་དང་ཡང་དུ་བཀླགས་ན། རྗེས་སུ་རྩོམ་ཡིག་འབྲི་དུས་ཞིབ་འབྲི་བྱེད་སྟངས་དང་། ཚིག་ཉམས་འདོན་སྟངས། མིང་དང་ཚིག་གི་སྦྱོར་ཚུལ་སོགས་ལ་ལད་མོ་བྱས་ནས་བྲི་ཆོག་པས། རྩོམ་ཡིག་འབྲི་སྦྱོང་བྱེད་དུས་གང་ནས་འགོ་རྩོམ་དགོས་པ་དང་ཇི་ལྟར་འབྲི་དགོས་པ་མི་ཤེས་པའི་དཀའ་ཁག་སེལ་ཐུབ་ངེས་རེད།

    གསུམ། དགེ་རྒན་གྱིས་མཛུབ་ཁྲིད་གང་ལེགས་བྱེད་དགོས།

    རྩོམ་འབྲིའི་ཐབས་ལམ་སློབ་ཁྲིད་བྱེད་སྐབས་སྤྱིར་བཏང་རིགས་གཉིས་ཡོད་དེ། གཅིག་ནི་གཞན་གྱི་རྩོམ་ལ་ལད་མོ་བྱས་ནས་རྩམ་འབྲི་སྦྱོང་བརྡར་བྱེད་པ་དང། གཉིས་ནི་དགེ་རྒན་གྱིས་ཁ་བྱང་བཀོད་ནས་རིག་ལམ་གསར་འབྱེད་བྱེད་པ་དེ་རེད། ཐབས་ལམ་གཉིས་པོ་བེད་སྤྱད་ན་རྩོམ་ཡིག་འབྲི་བའི་ལས་དང་པོ་བའི་སློབ་མ་རྣམས་ལ་ཕན་ནུས་ངེས་ཅན་ཐོན་ཐུབ། གཞན་ཡང་དགེ་རྒན་གྱིས་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་རེ་བ་བཏོན་ནས་སློབ་མ་རང་ཉིད་ལ་ཁ་བྱང་འདོན་དུ་འཇུག་པ་མ་ཟད། རང་ཉིད་ཀྱི་རིག་ལམ་ལྟར་རང་གི་སྐད་ཆ་སྤྱད་དེ་རང་གི་བསམ་ཚུལ་འབྲི་རུ་འཇུག་དགོས། དེ་ལྟར་བྱས་ན་མི་རེ་རེའི་ཉམས་མྱོང་དང་ངོས་འཛིན་མི་མཚུངས་སྟབས་བྲིས་པའི་རྩོམ་ཡིག་ཀྱང་རྣམ་པ་སྣ་ཚོགས་སུ་འགྱུར་བ་ཡིན་ནོ།

    མདོར་ན། རྩོམ་ཡིག་གི་བསམ་པའི་བཀོད་པ་དེ་དོན་དུ་བསམ་གཞིག་གི་བྱེད་སྒོ་གསར་གཏོད་བྱེད་པའི་སྦྱོང་བརྡར་ཞིག་ཡིན་པས། དེ་ལྟ་བུའི་སྦྱོང་བརྡར་ཞིག་ཡོད་ཚེ་སློབ་མའི་སླད་ཕྱིན་གྱི་ལས་ཀ་དང་། སློབ་སྦྱོང་། དེ་བཞིན་འཚོ་བ་དངོས་ཀྱི་བྱེད་སྒོ་ཀུན་ལ་ཞུགས་པར་ཕན་འབྲས་ངེས་ཅན་ཐོན་ཐུབ། སློབ་གསོ་ནི་མིའི་རིགས་ཀྱི་འཇོན་ཐང་གསར་སྐྲུན་དང་། གསར་གཏོད་རང་བཞིན་གྱི་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་བསལ་གྱི་ལས་གཞི་ཞིག་ཡིན་ཕྱིར། བྱང་ཚད་སློབ་གསོ་སྐུལ་སྤེལ་གཏོང་བའི་བརྒྱུད་རིམ་ཀུན་ཏུ་སློབ་མའི་གསར་གཏོད་ཀྱི་འཇོན་ཐང་དང་། གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་ཨང་དང་པོར་འཇོག་རྒྱུ་ནི་སློབ་གསོའི་དམིགས་ཡུལ་ཉག་ཅིག་གོ།

    (འདམ་གཞུང་རྫོང་སྙིང་གྲོང་ཤང་ལྟེ་བའི་སློབ་ཆུང་གཉིས་པའི་གནམ་གང་ནས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།