[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་སློབ་སྦྱོང་གི་གོམས་གཤིས་གསོ་སྐྱོང་བྱ་ཐབས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-29

    སློབ་ཆུང་ནི་སློབ་སྦྱོང་གི་རྨང་གཞི་འདིང་བའི་གལ་ཆེའི་དུས་རིམ་ཞིག་ཡིན་པ་དང་། དགེ་རྒན་གྱིས་སློབ་ཆུང་ལོ་རིམ་དང་པོ་ནས་འགོ་བཙུགས་ཏེ། སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་པར་ངེས་པར་དུ་སྦྱོང་བརྡར་ནན་པོ་དང་རེ་བ་ནན་པོ་འདོན་པའི་བརྒྱུད་རིམ་རིང་པོ་ཞིག་བརྒྱུད་དགོས་པ་ལས། རང་བཞིན་དུ་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་མི་སྲིད། དེ་ཡང་ཇི་ལྟར་བྱས་ནས་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱེད་དགོས་སམ་ཞེ་ན།

    དང་པོ། སློབ་ཆུང་སློབ་མར་རང་འགུལ་གྱི་གོམས་གཤིས་འཇགས་པ་བྱེད་དགོས།

    དགེ་རྒན་གྱིས་རྒྱུན་དུ་སློབ་ཕྲུག་ཚོར་སློབ་ཁྲིད་ཉན་རྒྱུ་དང་སྦྱོང་ཚན་བཟོ་རྒྱུ་སོགས་ཀྱི་ཐད་རེ་བ་མཐོ་ཙམ་འདོན་རྒྱུ་རྒྱུན་འཁྱོངས་དགོས་པ་གང་ཞིག་ཁོང་ཚོར་དེའི་སྐོར་གྱི་ཐབས་ཤེས་མང་ཙམ་ངོ་སྤྲོད་བྱེད་དགོས། དཔེར་ན། སྔོན་ལ་གྲབས་སྦྱོང་དང་དེ་ནས་སློབ་ཁྲིད་ཉན་པ་དང་། སྔོན་ལ་བསྐྱར་སྦྱོང་དང་དེ་ནས་སྦྱོང་ཚན་འབྲི་བ། སྔོན་ལ་རང་སྟོབས་ཀྱིས་བསམ་གཞིག་བྱེད་དགོས་པ་དང་དེ་ནས་གཞན་ལ་སྐད་ཆ་འདྲི་བ། དེ་བཞིན་ནན་ཏན་གྱིས་ཟིན་ཐོ་འགོད་པ་དང་མ་ཤེས་པ་རྣམས་གཞན་ལ་སྐད་ཆ་མང་ཙམ་འདྲི་དགོས་པ། སྦྱོང་ཚན་རྣམས་རང་རྐྱ་འཕེལ་བའི་སྒོ་ནས་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས་པ་སོགས་རེད།

    ནམ་རྒྱུན་ནས་སློབ་ཕྲུག་ཚང་མར་སོ་སོའི་སློབ་སྦྱོང་གི་འཆར་གཞི་བཟོ་རུ་འཇུག་དགོས། ཡག་ཤོས་བྱུང་ན་སློབ་དུས་རེ་རེ་དང་ལེའུ་འམ་ས་བཅད་རེ་རེ་ཐ་ན་ཉིན་རེའི་དོན་འཁྱོལ་བྱེད་ཐུབ་པའི་སློབ་སྦྱོང་གི་འཆར་གཞི་བཟོ་རུ་བཅུག་སྟེ་སློབ་སྦྱོང་བྱེད་སྟངས་ཐད་ག་བྱེད་འདི་བྱེད་མེད་པའི་ཞན་ཆ་སེལ་ཐུབ་པ་བྱེད་དགོས། སློབ་ཚན་གང་ཞིག་ཡིན་རུང་ཚང་མ་ དགེ་རྒན་གྱིས་སློབ་ཁྲིད་དངོས་སུ་མ་བྱས་གོང་རང་སོ་སོས་སྔོན་སྦྱོང་བྱེད་དགོས་ཤིང་། སྔོན་སྦྱོང་ལ་བརྟེན་ནས་བསླབ་གཞིའི་ནང་དོན་རགས་ཙམ་རྟོགས་ཐུབ་པ་བྱེད་དགོས། གོ་དཀའ་བ་དང་མི་རྟོགས་པའི་དོན་གནད་ལ་རྟགས་བརྒྱབ་སྟེ་ཚིག་མཛོད་དང་དཔྱད་གཞིའི་དཔེ་དེབ་སོགས་ལས་ཤེས་ཐུབ་པ་བྱེད་དགོས་པའམ་ཡང་ན་གཞན་ལ་སྐད་ཆ་མང་ཙམ་འདྲི་བའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས། སྦྱོང་ཚན་བཟོ་སྐབས་ངེས་པར་དུ་སྔོན་ལ་བསླབས་ཟིན་པའི་ནང་དོན་བསྐྱར་སྦྱོང་བྱེད་དགོས་པ་དང་། རྩ་བའི་ཆ་ནས་གོ་བ་ལེན་ཐུབ་པ་དང་ངོས་འཛིན་གསལ་པོ་བྱུང་རྗེས་གཞི་ནས་ལག་པ་བསྒུལ་ཏེ་སྦྱོང་ཚན་བཟོ་དགོས་པ་ལས། གང་ཡང་མ་གོ་མ་རྟོགས་པར་ལམ་སེང་སྦྱོང་ཚན་བཟོ་རྐྱང་བྱེད་མི་རུང་ལ་དཀའ་ངལ་འཕྲད་དུས་གཞི་ནས་དེབ་བལྟ་བའི་གོམས་གཤིས་ངན་པ་དེ་རིགས་རྩ་བ་ནས་མ་འཇགས་པ་བྱེད་དགོས། དེ་ལྟར་རེ་བ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་ཐུབ་ན་གཅིག་ནས་སློབ་མའི་རང་སྦྱོང་གི་འཇོན་ཐང་གོང་མཐོར་གཏོང་ཐུབ་པ་དང་། གཉིས་ནས་སློབ་ཁྲིད་ཀྱི་འབྲས་བུའང་མངོན་གསལ་འདོད་པོས་ལེགས་སུ་འགྲོ་ཐུབ།

    གཉིས་པ། སློབ་ཆུང་དུས་ནས་དཔེ་དེབ་ལྟ་ཀློག་གི་སྤྲོ་བ་འཕེལ་བར་བྱེད་དགོས།

    ཀའོ་ཨར་ཅིས“དཔེ་དེབ་ནི་མིའི་རིགས་མདུན་བསྐྱོད་བྱེད་པའི་སྐས་རིམ་ཡིན” ཞེས་གསུངས་མྱོང་ཞིང་། ཁོང་གིས་རྒྱུན་དུ་དཔེ་དེབ་བལྟས་ན་རིག་སྟོབས་ལ་ཕན་འདོགས་པ་དེ་ནི་ལུས་རྩལ་སྦྱོང་བརྡར་བྱས་ན་གཟུགས་པོར་ཕན་ཐོགས་ཆེན་པོ་ཡོད་པ་དེ་དང་འདྲ་བའི་ངོས་འཛིན་གནང་གི་ཡོད། དེར་བརྟེན་ང་ཚོས་སློབ་ཕྲུག་རྣམས་ཆུང་དུས་ནས་དཔེ་དེབ་ལྟ་ཀློག་ལ་སྤྲོ་བའི་གོམས་གཤིས་གསོ་སྐྱོང་བྱེད་རྒྱུ་དེ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། དེ་ཡང་ཐོག་མར་སློབ་མའི་དཔེ་དེབ་ལྟ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས་པ་དང་། དཔེ་ཀློག་གི་གལ་ཆེའི་རང་བཞིན་དང་། དམིཌ་བསལ་གྱི་དགོས་པ། དཔེ་ཀློག་གི་རིན་ཐང་ངོ་སྤྲོད་བྱས་ནས། སློབ་མར་དཔེ་དེབ་ལྟ་ཀློག་བྱེད་པའི་ཐབས་ཤེས་ངོ་སྤྲོད་བྱེད་དགོས། དེ་བཞིན་སློབ་མར་དཔྱད་གཞིའི་ཡིག་རིཌ་དང་། ཚིག་མཛོད་སོཌ་བེད་སྤྱོད་གཏོང་སྟངས་བསླབས་དགོས་ཤིང་། དེབ་དེ་དག་ལ་བརྟེན་ནས་དཀའ་གནད་ཁག་གཅིག་ཐག་གཅོད་གཏོང་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན་སློབ་མས་རང་རྐྱ་འཕེར་བའི་སྒོ་ནས་སློབ་སྦྱོང་གི་ལས་འགན་མི་ཉུང་བ་ལེགས་སྒྲུབ་བྱེད་ཐུབ།

    གསུམ་པ། སློབ་ཆུང་སློབ་མར་ཆུང་དུས་ནས་དཀའ་སྤྱད་འབད་བརྩོན་གྱི་གོམས་གཤིས་འཇགས་པ་བྱེད་དགོས།

    སྦྱངས་འབྲས་བཟང་ཞན་གྱི་སློབ་མ་ཚང་མར། སློབ་སྦྱོང་གི་བརྒྱུད་རིམ་ནང་དཀའ་ངལ་སྣ་ཚོགས་འཕྲད་སྲིད་ཅིང་། འཇིག་རྟེན་སྟེང་གི་བྱ་བ་ཆེ་ཆུང་ཚང་མ་དེ་ལྟར་ཡིན་ཏེ། ནམ་རྒྱུན་སྦྱང་འབྲས་ལེགས་པའི་སློབ་མ་སུ་ཞིག་ཡིན་རུང་། དེའི་སློབ་སྦྱོང་གི་ཐབས་ཤེས་ཕུད། གལ་ཆེ་ཤོས་ནི་གང་དེའི་རིག་པ་རྩེ་གཅིག་གིས་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་པའི་གོམས་གཤིས་བཟང་པོ་དེ་དང་ཁ་འབྲལ་ཐབས་མེད། གལ་ཏེ་སློབ་མ་སུ་ཞིག་སློབ་སྦྱོང་ལ་བརྩོན་པ་བྱེད་མི་འདོད་པ་དང་རྔུལ་ཆུ་འདོན་མི་ནུས་པ་ཞིག་ཡིན་ན། དེའི་སློབ་སྦྱོང་ལ་གཡུར་དུ་ཟ་བའི་འབྲས་བུ་ནམ་ཡང་སྨིན་མི་ཐུབ། དེར་བརྟེན་དགེ་རྒན་ཚོས་རྒྱུན་དུ་སློབ་མར་རྒྱུ་མཚན་ཤོད་པ་དང་གནའ་དེང་གི་གྲགས་ཅན་མི་སྣའི་ལོ་རྒྱུས་ཤོད་པ་སོགས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཁོང་ཚོ་ཆུང་དུས་ནས་དཀའ་སྡུག་མྱོང་ཐུབ་པ་དང་། བྱ་བ་ཆེ་ཆུང་ཚང་མར་བརྩོན་འགྲུས་བྱེད་ཐུབ་མཁན་ཞིག་ཆགས་པ་བྱེད་དགོས།

    བཞི་པ། སློབ་ཆུང་སློབ་མར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་པའི་གོམས་གཤིས་འཇགས་པ་བྱེད་དགོས།

    སློབ་ཁྲིད་ཉན་རྒྱུ་ནི་སློབ་མས་ཤེས་བྱ་གསར་པ་དང་ལེན་དང་རིག་སྟོབས་གོང་འཕེལ་གཏོང་བའི་ལམ་བུ་ཞིག་རེད་ལ། སློབ་མའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པའི་ཟམ་པ་ལྟ་བུའང་རེད། སྤྱིར་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཞན་གྱི་ཁྱད་པར་ནི་གཙོ་བོ་སློབ་ཁང་སློབ་ཁྲིད་ཉན་པའི་གྲུབ་འབྲས་ལེགས་ཞན་ལ་རག་ལུས་པ་ཡིན། དེར་བརྟེན་དགེ་རྒན་གྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་སློབ་མར་ནན་ཏན་གྱིས་སློབ་ཁྲིད་ཉན་དགོས་པའི་སློབ་གསོ་རྒྱག་དགོས།

    དེ་ཡང《ཀུན་བཟང་བླ་མའི་ཞལ་ལུང》ལས“རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན”ཞེས་གསུངས་པ་ལྟར། སློབ་མ་ཚོས་སློབ་ཁྲིད་ཉན་པའི་སྐབས་གོང་གསལ་གྱི་སྐྱོན་རྣམས་རེ་རེ་བཞིན་སྤངས་དགོས་པ་གང་ཞིག་ད་དུང་ཞིབ་ཕྲའི་སློབ་ཁྲིད་ཉན་པའི་གོམས་གཤིས་ཆགས་པ་བྱེད་དགོས། དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་རྣམས་སློབ་མའི་ཁྱད་ཆོས་བཞིན་སློབ་ཁྲིད་བྱེད་པ་དང་། སློབ་མས་ཁ་གཡེང་མིག་གཡེང་མ་བྱས་པར། བློ་རྩེ་གཅིག་སྒྲིམ་ངང་དགེ་བའི་བཤེས་གཉེན་གྱི་སློབ་ཁྲིད་ནང་དོན་ཉན་པའི་གོམས་གཤིས་འཇགས་པ་བྱེད་དགོས། དགེ་རྒན་གྱིས་སློབ་ཚན་ལ་དབྱེ་ཞིབ་གནང་བ་དང་། དཀའ་གནད་དང་གཙོ་གནད་ལ་གསལ་འགྲེལ་གནང་བ་རྣམས་ཟིན་བྲིས་འགོད་པ་དང་། བློ་ལ་ངེས་དགོས།

    མདོར་ན། ལྕང་གསར་གཞོན་དུས་འདྲོང་ན་འདྲོངས་པ་ཡིན། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན་ཞེས་པ་དང་། མི་ཞིག་ཡིན་ན་ཆུང་ནས་སྐྱོང་། རྟ་ཞིག་ཡིན་ན་རྟེའུ་ནས་གསོ་ཞེས་པའི་དཔེ་ལྟར། སློབ་ཆུང་དུས་ནས་སློབ་མའི་རྒྱུད་ལ་གོམས་གཤིས་བཟང་པོ་འཇགས་པ་བྱ་རྒྱུ་ནི། སློབ་མ་གང་དེའི་མི་ཚེ་དོན་སྙིང་དང་ལྡན་པ་ཞིག་ཏུ་གྱུར་མིན་གྱི་འགག་རྩ་ཡིན་གཤིས། བསམ་བློ་ཀུན་སྤྱོད་དང་། ཤེས་བྱ་རིག་གནས། གཟུགས་གཞི་སྦྱོང་བརྡར་གང་ཞིག་ཡིན་ན་ཡང་། ཆུང་དུས་ནས་གོམས་གཤིས་བཟང་པོ་ཞིག་དང་རྨང་གཞི་ལེགས་པོ་ཞིག་མེད་ཚེ། གོམས་གཤིས་བཟང་ངན་དེས་མི་ཚེ་ཧྲིལ་པོའི་བཤུལ་ལམ་ཐོག་ཡིད་སྨོན་དང་། བློ་ཕམ། སྤོབས་པ་དང་། འགྱོད་གདུང་གི་འབྲས་བུ་སྣ་ཚོགས་སྨིན་སྲིད་པས། དགེ་བའི་བཤེས་གཉེན་ཚང་མས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་། བྱང་ཚད་སློབ་གསོའི་བླང་བྱ་དང་མཐུན་པར། སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་འབད་པ་ལྷུར་ལེན་བྱེད་དགོས།

    (གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་སློབ་ཆུང་གི་ཟླ་རྒྱལ་གྱིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།