[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་གསོའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལི་མེ་དབྱིང་།    |    སྤེལ་དུས།   2018-01-05

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    མིག་སྔར། རང་ལྗོངས་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ནང་ས་དང་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ཡོད་མོད། འོན་ཀྱང་འཇམ་ཤུགས་ཐད་སྔར་བཞིན་ཧེ་བག་ཆེན་པོ་ཡོད། དཔེར་ན། དགེ་རྒན་བཀོད་སྒྲིག་དོ་མི་སྙོམས་པ་དང་། ཚད་ལྡན་ཅན་འཛུགས་སྐྱོང་གི་ཚད་གཞི་མི་ལོན་པ་སོགས་ཡིན། དེར་བརྟེན། སྨྱུག་འཛིན་པས་རང་ལྗོངས་ཀྱིས་བྱ་ཐབས་མཉམ་སྤྱོད་ཀྱིས་མཁྲེགས་ཆས་འཛུགས་སྐྲུན་ལ་བརྟེན་ནས་མཉེན་ཆས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    སློབ་གསོ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། རང་ལྗོངས་ཀྱིས་གཙོ་གནད་མ་དངུལ་སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་གློག་སྤྱད་སློབ་ཁྲིད་ཚོད་ལྟ་ཡོངས་ཁྱབ་ཅན་དང་། སློབ་གསོའི་བྱ་ཐབས་དེང་རབས་ཅན། སློབ་གསོའི་ཐོན་ཁུངས་དྲ་རྒྱ་ཅན། སློབ་གྲྭའི་ཁོར་ཡུག་སྐྱེད་མོས་ཚལ་སོགས་ཀྱི་འཛུགས་སྐྱོང་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་དཔེ་དེབ་ཁང་དང་། དངོས་ཁམས་རྫས་འགྱུར་སྐྱེ་དངོས་གསུམ་གྱི་ཚོད་ལྟའི་ཡོ་ཆས། ལུས་རྩལ་སྒྲིག་བཀོད་དང་སྒྲིག་ཆས་སོགས་བཀོད་སྒྲིག་བྱེད་དགོས།

    སློབ་གསོའི་གྲོང་གི་ས་ཁོངས་དྲ་རྒྱ་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་རྒྱང་ཁྲིད་སློབ་གསོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་རྩིས་རྒྱག་འཕྲུལ་འཁོར་དང་བརྒྱུད་ལམ་སྣེ་མང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང་། རིམ་ཁག་ཆ་འཕྲིན་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་། སློབ་གསོའི་ཆ་འཕྲིན་ཅན་གྱི་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭ་ཁག་གི་སློབ་ཚན་ཚང་མར་དགེ་སློབ་ཚོས་དྲ་སྦྲེལ་ལམ་ཡང་ན་ས་ཁོངས་དྲ་བའི་ཐོག་ནས་ཐོས་པ་དང་། མཐོང་བ། ཤེས་པ་བཅས་ཐུབ་པའི་འགན་ལེན་བྱེད་དགོས། སློབ་སྦྲེལ་དབར་གྱི་དྲ་བའི་སློབ་དཔྱོད་ལས་སྟེགས་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གྲྭ་དང་། དགེ་རྒན། སློབ་ཕྲུག་བཅས་མི་འདྲ་བའི་དབར་སྤེལ་རེས་ཐུབ་པ་དང་དེ་བཞིན་སློབ་གསོའི་ཆ་འཕྲིན་ཅན་ལ་བརྟེན་ནས་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    སློབ་གསོའི་རྣམ་གྲངས་ཐག་རིང་ལུང་ཁུག་གི་གཞི་རིམ་ལ་ཕྱོགས་དགོས། གཤམ་སྐྱོད་བྱེད་སྐབས་རྫོང་དང་། ཤང་གྲོང་། གྲོང་རྡལ་བཅས་ཀྱི་ཐོན་ཁུངས་ཁག་མང་པོ་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་དང་སློབ་གསོའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་པ་ཤེས་རྟོགས་ཐུབ་བྱུང་། འོན་ཀྱང་ཐག་རིང་ལུང་ཁུག་ཁག་གཅིག་གི་ཤང་དང་གྲོང་ཚོར་སློབ་གསོའི་སྒྲིག་ཆས་དཀོན་པའམ་ཡང་ན་རྗེས་ལུས་ཐེབས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། དེར་བརྟེན། རིམ་ཁག་སློབ་གསོ་དོ་དམ་སྡེ་ཚན་གྱིས་སློབ་གསོའི་རྣམ་གྲངས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་འཕེལ་རྒྱས་དོ་མི་སྙོམས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།