[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་བསམ་གཞིག་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    རྨང་གཞིའི་སློབ་གསོས་ཤེས་རིག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྨང་གཞིའི་སློབ་གསོར་མཐོང་ཆེན་དང་རྒྱབ་སྐྱོར་བྱ་རྒྱུ་ནི་སློབ་གསོའི་སྡེ་ཚན་དང་། སྤྱི་ཚོགས། དགེ་སློབ་དང་ཁྱིམ་བདག་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་ཞིག་རེད། དེས་ན་རྨང་གཞིའི་སློབ་གསོ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་དགོས་ན། གཞི་རིམ་སློབ་གསོའི་སྡེ་ཚན་གྱིས་རྨང་གཞིའི་སློབ་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་སློབ་གསོའི་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བ། ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་མའི་ཤེས་བྱ་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་སོགས་ཡང་འབད་བསྐྱར་འབད་དང་ཤ་ཐང་རུས་ཐང་དུ་འབད་ན། གཞི་རིམ་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་ཐུབ་ལ། ཡང་སྒོས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་དེ་ལ་དེ་བསྟུན་གྱིས་གོང་མཐོར་འགྲོ་ངེས་ཡིན་ཞིང་། སློབ་གྲྭའི་སྐྱེད་ཚལ་ཡངས་མོར་ཤེས་རིག་གི་སྦྲང་རྩི་འཐུ་བཞིན་པའི་ན་ཆུང་བྱིས་པའི་ཚོགས་ཀྱི་རྨོངས་པའི་མུན་པ་ཡོངས་སུ་བསལ་ཏེ་ཤེས་རིག་ལ་དགའ་བའི་སློབ་བུ་མང་པོ་གསོ་སྐྱོང་ཐུབ་པར་ཐེ་ཚོམ་ཅི་ལ་མཆིས། དེས་ན། ཁོ་བོས་སྐབས་སུ་བབས་པའི་བརྗོད་བྱ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་སྐོར་གྱི་བསམ་གཞིག་ཕྲན་བུ་གླེང་བར་བྱའོ།

    གཅིག བོད་ཡིག་ཡིག་གཟུགས་སྦྱོང་བརྡར་བྱེད་སྟངས།

    བོད་ཡིག་ཐོག་མར་སྦྱོང་མཁན་ཞིག་གི་ངོས་ནས་བརྗོད་ན་ཡི་གེ་འབྲི་བར་དཀའ་ངལ་མང་དག་འཕྲད་ཀྱིན་ཡོད། ཡིན་ནའང་། ངང་རྒྱུད་རིང་བའི་བཤེས་གཉེན་ཚོའི་ལམ་སྟོན་དང་མཛུབ་ཁྲིད་འོག་ཤེས་པ་རྣོ་བའི་སློབ་མ་མང་དག་ཅིག་དཀའ་གནད་དེ་ལས་ཚེགས་མེད་དུ་བགྲོད་ཐུབ་ནའང་། ཤེས་པ་སྐྱོ་བའི་སློབ་མ་ཉུང་ཤས་ཤིག་དགེ་རྒན་གྱིས་ག་ཚོད་བསླབས་ཀྱང་ཡར་རྒྱས་དེ་ཙམ་མེད་པར་རྗེས་སུ་ལུས་ཀྱི་ཡོད། བྱས་ན་ཁོ་ཚོར་ཡར་རྒྱས་ཀྱི་གསོན་ཤུགས་གཏན་ནས་མེད་དམ་ཞེ་ན། དེ་ནི་རྩ་བ་ནས་མ་ཡིན་ཏེ། དེ་ཡང་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཐབས་ཤེས་དང་སློབ་མའི་སྦྱོང་འདོད་ཀྱི་སྐུལ་སློང་དང་ཐད་ཀར་འབྲེལ་བ་ཡོད། འོ་ན་ཐབས་ཤེས་གང་འདྲ་ཞིག་དང་སྐུལ་སློང་གང་འདྲ་ཞིག་གི་འོག་ནས་ཁོ་ཚོ་ཡར་རྒྱས་ཀྱི་ལམ་བུར་སྐུལ་འདེད་གཏོང་དགོས་ཞེ་ན།

    1.གཞུང་རིས་ལུགས་ཀྱི་ཚད་ལྡན་ཡིག་གཟུགས་ཀྱི་འབྲི་དཔེ་ཁག་གཅིག་རགས་ཐབས་བྱས་ནས་སློབ་མ་ཚོར་སྤྲད་དེ་ཡིག་གཟུགས་དེ་དག་ལ་ལད་མོའི་ཚུལ་གྱིས་སྦྱོང་བརྡར་ཤུགས་ཆེན་སྤྲད་ན་གཏན་གཏན་ཡར་རྒྱས་འགྲོ་ངེས་རེད།

    2.ཤེས་བྱར་དགའ་ཞེན་དང་དད་ཞེན། སྦྱོང་འདོད་ཀྱི་བསམ་པ་བཟང་པོ་ཞིག་སྐྱེད་སྲིང་བྱེད་དགོས་ན། རྟག་པར་གཤེ་གཤེ་ཁོ་ན་མི་གཏོང་བར་ཁོ་ཚོའི་དགེ་མཚན་ཕྲན་བུ་དག་ཀྱང་སློབ་མང་ཚོགས་པའི་སྐབས་སུ་བཏོན་ནས་བསྔགས་བརྗོད་ཀྱི་ཚིག་ཁ་ཤས་སྨྲས་ན་སྤྲོ་བ་བཟང་པོ་ཞིག་འཕེལ་ཐུབ་པས། ཡར་རྒྱས་འགྲོ་བར་གཏན་གཏན་ནུས་པ་ངེས་ཅན་ཐོན་ངེས་རེད།

    གཉིས། བོད་ཡིག་ཀློག་སྟངས་སྦྱོང་བརྡར་བྱེད་སྟངས།

    ཡི་གེ་ཀློག་པ་ནི་བརྗོད་བྱའི་དོན་གྱི་རོ་ཉམས་ལེན་པ་དང་ཐད་ཀར་འབྲེལ་བ་ཡོད། ཡི་གེ་འབྱོང་པོ་ཞིག་བཀླགས་མ་ཐུབ་ཚེ་བརྗོད་དོན་གོ་བར་འགོག་རྐྱེན་ངེས་ཅན་བཟོ་སྲིད་པས་དག་སྣང་དོད་པའི་སྒོ་ནས་སྦྱོང་བརྡར་སྤྲོད་དགོས། དེ་ཡང་སྦྱོར་ཀློག་གི་ཐབས་ཤེས་དང་ཚིག་གི་གཅོད་མཚམས་རན་པོ་ཡོད་མེད་གཉིས་ཀྱི་ཐབས་ཤེས་བེད་སྤྱོད་བྱེད་དགོས།

    1.སྦྱོར་ཀློག་གི་ཐབས་ཤེས། སྦྱོར་ཀློག་ནི་ཡི་གེ་ཁ་འཕྲལ་ནས་སྒྲ་གདངས་ལྕི་ཡང་འཚམ་པོའི་སྒོ་ནས་ཀློག་པ་ཙམ་དུ་གོ་དགོས་སྙམ། སྦྱོར་ཀློག་ནི་ཡི་གེ་ཡང་དག་ཀློག་ཐུབ་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་གོ་རིམ་དང་པོ་ཡིན་པས་ངེས་པར་དུ་སློབ་ཚན་འཚོག་པའི་སྐབས་སྦྱོང་བརྡར་སྤྲོད་དགོས་པ་མ་ཟད་དེ་བས་སྔ་དགོང་གཉིས་ཀྱི་དུས་ཚོད་བརྩོན་ལེན་བྱས་ནས་སྦྱོང་བརྡར་ཤུགས་ཆེན་སྤྲོད་དགོས། གང་ཡིན་ཟེར་ན། སྔ་དགོང་གཉིས་ནི་རིག་པ་གསལ་བ་དང་སྙིང་སྟོབས་འཕེལ་བའི་དུས་ཚོད་བཟང་ཤོས་ཡིན་པས་དེ་ཆུད་ཟོས་སུ་མི་འགྲོ་བ་བྱ་དགོས།

    2.ཚིག་གི་གཅོད་མཚམས་རན་པོ་དགོས་པའི་ཐབས་ཤེས།

    ཚིག་གི་གཅོད་མཚམས་རན་པོ་ཡོད་མེད་ནི་རྗོད་བྱེད་ཚིག་ལ་སྙན་ཆ་ཐོན་མིན་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད། དེ་བས་ཚིག་གི་གཅོད་མཚམས་རན་པོ་མ་བྱུང་ཚེ་བརྗོད་བྱའི་དོན་ལ་འགྱུར་བ་འགྲོ་སྲིད་པས་ཡང་དག་པའི་ཁ་ཕྱོགས་གསལ་པོ་ཞིག་མཛུབ་སྟོན་བྱེད་དགོས།

    གསུམ། སློབ་ཁྲིད་ཀྱི་ཐབས་ལམ་ལ་སྒྱུར་བཅོས་གཏོང་ཐབས།

    (དང་པོ) ཤེས་བྱ་དང་ནུས་རྩལ།

    མིང་ཚིག་བརྡ་སྤྲོད་དང་གཏན་ཚིགས། འབྲི་ཀློག རྩོམ་འབྲིའི་ཤེས་བྱ་ལ་སོགས་པ་ནི་སྐད་ཡིག་ཤེས་བྱའི་ཁྱབ་ཁོངས་ཀྱི་ནང་དོན་ཡིན་ལ། སྐད་ཡིག་གི་ཤེས་བྱ་དེ་དག་ནི་ནུས་རྩལ་སྐྱེད་པའི་རྨང་གཞིའང་རེད།

    1.འབྲི་སྦྱོང་བྱེད་དགོས་པ། འབྲི་སྦྱོང་གི་ཆ་ནས་འབྲི་དེབ་ཀྱི་ལས་བྱ་ཁོ་ནར་མ་བརྟེན་པར་སློབ་མའི་སེམས་ཁམས་དང་བསྟུན་པ་དང་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་རང་འགུལ་གྱིས་སྣ་མང་གི་འབྲི་སྦྱོང་སྦྱོང་བརྡར་བྱེད་པར་བསྐུལ་ཏེ་སློབ་སྦྱོང་གི་སྤྲོ་སྣང་ཇེ་ཆེར་འཕེལ་བར་བྱེད་དགོས།

    2.འཆད་ཉན་སྦྱོང་བརྡར་བྱེད་དགོས་པ། འཆད་ཉན་སྦྱོང་བརྡར་ནི་ལྟ་ཀློག་དང་རྩོམ་འབྲིའི་ནུས་པ་སྐྱེད་པ་དང་རིག་སྟོབས་འཕེལ་བའི་ཐབས་ལམ་ཞིག་རེད།

    3.ཀློག་འདོན་བྱེད་དགོས་པ། སྒྲ་དག་ཅིང་གཅོད་མཚམས་གསལ་བ་དང་རབ་བྱུང་ན་བརྩེ་དུང་ལྡན་པའི་སྒོ་ནས་ཀློག་ཐུབ་པ་བྱེད་དགོས།

    (གཉིས་པ) སློབ་ཁྲིད་བྱེད་ཐབས།

    1.བསླབ་ཚན་གང་དེའི་བརྗོད་བྱ་དང་སྦྱང་གཞི་གནད་ཆེ་ས་དང་ཐ་སྙད་གཙོ་བོ་སོགས་དཀའ་གནད་རྣམས་གོ་རིམ་མི་འཁྲུག་པར་གསལ་པོར་ཟིན་ཐོར་འགོད་དགོས།

    2.སློབ་ཁྲིད་བློ་ལ་འཇུག་བདེ་ཞིང་རིག་པའི་རྩེད་ཁ་འབྱེད་གང་ཐུབ་བྱེད་དགོས།

    3.དགེ་རྒན་གྱིས་ཤོད་རྐྱང་འབྲི་རྐྱང་དང་སློབ་མས་ཉན་རྐྱང་བཤུ་རྐྱང་བྱེད་པའི་གོམས་གཤིས་དག་རིམ་བཞིན་འདོར་གང་ཐུབ་བྱེད་དགོས།

    མདོར་ན། སློབ་གསོ་ནི་མིའི་རིགས་ཀྱི་བྱང་ཚད་དང་ཚན་རྩལ། གསར་གཏོད་ཀྱི་འཇོན་ཐང་བཅས་གོང་མཐོར་གཏོང་བའི་རྩ་བའི་ལམ་སྟོན་ཡིན་ལ། ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་བརྩོན་ལེན་བྱེད་པའི་གསོན་ཤུགས་ཤིག་ཀྱང་རེད། ང་ཚོས་དེང་སྐབས་ས་ཕྱོགས་གང་སར་ལག་ལེན་གྱི་མཐོ་རླབས་དྲག་པོ་འཕྱུར་བཞིན་པའི་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དམིགས་ཚད་གསར་པ་དང་འཆར་གཞི་གསར་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་དགོས།

    (ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གི་ནོར་བུ་སངས་རྒྱས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།