[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་ལ་མདོ་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-01

    《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས། སྐད་ཡིག་ནི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་ཆེས་གཙོ་བོ་དེ་ཡིན་ལ། མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དེའང་ཡིན་ཅིང་། བཀོལ་སྤྱོད་ཀྱི་རང་བཞིན་དང་རིག་སྐྲུན་གྱི་རང་བཞིན་གཞི་གཅིག་ཏུ་གྲུབ་པ་ནི་སྐད་ཡིག་བསླབ་ཚན་གྱི་རྩ་བའི་ཁྱད་ཆོས་ཡིན་པར་བརྗོད་ཡོད། སྐད་ཡིག་སློབ་སྦྱོང་གི་རྒྱུ་ཆ་ནི་སྤྱི་ཚོགས་དང་། འཚོ་བ། རང་བྱུང་ཁམས་བཅས་ལས་བྱུང་ཞིང་། རྒྱུ་ཆ་དེ་དག་བེད་སྤྱད་དེ་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་དགོས་པ་གང་ཞིག དེ་དག་ཇི་ལྟར་བེད་སྤྱད་དེ་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་ཅིས་ཀྱང་བསམ་གཞིག་དང་འབད་པ་བྱེད་དགོས།

    དང་པོ། ཐ་སྙད་གསོག་འཇོག་གིས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ།

    རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་མིན་གྱི་གནད་འགག་ནི་བཀོལ་སྤྱོད་ཐ་སྙད་ཕུན་སུམ་ཚོགས་མིན་ལ་རག་ལུས་པས། རྒྱུན་དུ་དགེ་རྒན་ཚོས་སློབ་ཁྲིད་བྱེད་རིང་སློབ་མར་ཐ་སྙད་གསོག་འཇོག་གི་རེ་བ་ནན་པོ་འདོན་དགོས། དེ་ཡང་བསླབ་ཚན་གསར་མའི་རེ་བ་ལྟར་ན། སློབ་ཆུང་སློབ་མས་ལོ་རིམ་དང་པོ་དང་གཉིས་པར་རྒྱུན་བཀོལ་ཐ་སྙད་800ཡས་མས་དང་། ལོ་རིམ་གསུམ་པ་དང་བཞི་པར་རྒྱུན་བཀོལ་ཐ་སྙད་800ཡས་མས། ལོ་རིམ་ལྔ་པ་དང་དྲུག་པར་རྒྱུན་བཀོལ་ཐ་སྙད་800ཡས་མས་བཅས་ཀྱི་དག་ཆ་འབྱོང་དགོས་པ་བཅས་སློབ་ཆུང་ལོ་དྲུག་རིང་ཉུང་མཐར་རྒྱུན་བཀོལ་ཐ་སྙད་2400ཙམ་གྱི་དག་ཆ་འབྱོང་དགོས་པའི་རེ་བ་ཡོད་པས། དགེ་རྒན་ཚོས་སློབ་མར་དེ་བཞིན་ངེས་དགོས་པའི་རེ་བ་བཅོལ་བ་དང་སྦྲགས་ཡི་གེའི་ཕྲད་སྦྱོར་ཚུལ་ལ་ཡང་དོ་སྣང་དང་སྦྱོང་བརྡར་མང་ཙམ་བྱེད་དགོས། དེ་ནི་ཐད་ཀར་རྩོམ་ཡིག་འབྲི་བར་མཁོ་བའི་རྨང་གཞིའི་རྒྱུ་ཆ་ཞིག་ཡིན་པས། དགེ་རྒན་ཚོས་སློབ་མ་ཚོ་རྩོམ་ཡིག་འབྲི་སྦྱོང་གི་ལམ་དུ་བདེ་བགྲོད་ཡོང་བར་ངེས་པར་དུ་མ་མཐའི་མཐུན་རྐྱེན་ཚང་བར་བྱེད་དགོས།

    གཉིས་པ། ལྟ་ཀློག་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ།

    ལྟ་ཀློག་སློབ་ཚན་གྱི་དགོས་པ་ནི་སློབ་མ་ཚོ་རང་རྐྱ་འཕེར་བའི་སྒོ་ནས་དཔེ་དེབ་ལྟ་ཀློག་དང་། གོ་བ་ལེན་པ། ནང་དོན་ལ་དབྱེ་ཞིབ་ཐུབ་པ་བཅས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཕྱིར་ཡིན་ལ། ལྟ་ཀློག་བྱས་པ་བརྒྱུད་སློབ་མའི་འབྲི་ཀློག་གི་ནུས་པ་ཡར་རྒྱས་ཡོང་བ་དང་རྩོམ་ཡིག་འབྲི་བའི་རྨང་གཞི་གདིང་བ་ཞིག་ཀྱང་རེད། དཔེ་དེབ་མང་པོ་ལྟ་ཀློག་བྱས་ན་སློབ་མའི་ཀླད་པའི་ནང་ཐ་སྙད་དང་བརྗོད་བྱ་མང་པོ་གསོག་འཇོག་ཐུབ་ནས་རྩོམ་ཡིག་འབྲི་བར་མཐུན་རྐྱེན་ལེགས་པོ་སྐྲུན་ཐུབ། རྒྱུ་མཚན་ནི་རྩོམ་རྩལ་ཇི་ལྟར་ལྡན་མིན་ནི་རྩོམ་གྱི་རྒྱུ་ཆ་མང་ཉུང་ལ་རག་ལུས་ཤིང་། རང་ཉིད་ལ་རྩོམ་གྱི་རྒྱུ་ཆ་མང་པོ་དགོས་ན་དོན་དངོས་ཀྱི་འཚོ་བར་ཉམས་ཞིབ་དང་། ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་དགོས། དགེ་རྒན་ཚོས་རྒྱུན་དུ་སློབ་མའི་དཔེ་ཀློག་ལ་དོ་སྣང་མང་ཙམ་བྱས་ཏེ་སློབ་མ་ཚོར་རང་འགུལ་ངང་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བཟང་པོ་སྐྱེད་སྲིང་དང་རྩོམ་ཐུང་འབྲི་བར་རེ་བ་ནན་པོ་འདོན་དགོས། མདོར་ན། ལྟ་ཀློག་ནི་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད།

    གསུམ་པ། རི་མོར་བརྟེན་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ།

    སློབ་ཆུང་སློབ་མ་ཚོའི་ངོས་ནས་བརྗོད་ན་རི་མོར་བལྟས་ནས་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་ནི་ཐབས་ལམ་གལ་ཆེན་ཞིག་སྟེ། སློབ་ཆུང་སློབ་མར་འགན་སེམས་དེ་ཙམ་མེད་ལ་རང་འགུལ་གྱི་བསམ་པ་ནི་དེ་བས་དམན་པས། རྒྱུན་དུ་དགེ་རྒན་ཚོས་སློབ་མའི་འདོད་པ་སྐོང་ཆེད་འབྲེལ་ཡོད་ཀྱི་རི་མོ་འབྲི་བའི་གོམས་གཤིས་སྐྱེད་སྲིང་དང་། ཡང་ན་གཞན་གྱིས་བྲིས་པའི་རི་མོར་དབྱེ་ཞིབ་ཐུབ་མིན་གྱི་བྱེད་སྒོ་མང་ཙམ་སྤེལ་དགོས་པ་མ་ཟད། སློབ་མ་རང་གིས་བྲིས་པ་དང་གཞན་གྱིས་བྲིས་པའི་རི་མོའི་མཚོན་དོན་དག་གོ་རིམ་ལྡན་པའི་སྒོ་ནས་ངག་ཐོག་ཏུ་ཤོད་དུ་འཇུག་པའམ་ཡང་ན་རི་མོའི་ནང་དོན་གང་ཡིན་ཡིག་ཐོག་ཏུ་འབེབས་སུ་འཇུག་དགོས། དེ་ལྟར་བྱུང་ཚེ་སློབ་མ་རྣམས་ཀྱི་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་ཡོད།

    བཞི་པ། བྱ་དངོས་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་འཇགས་སུ་བཅུག་སྟེ་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ།

    འཚོ་གནས་ཁོར་ཡུག་འདིའི་ནང་སློབ་མའི་མཐོང་ཆོས་སུ་གྱུར་པའི་བྱ་དངོས་ལ་མང་ཙམ་ལྟ་ཞིབ་བྱེད་དུ་འཇུག་དགོས། སློབ་ཆུང་སློབ་མའི་རྩོམ་ཡིག་ནང་རྟག་ཏུ་ཐོན་པའི་སྐྱོན་ཆ་གཙོ་བོ་ནི་ནང་དོན་སྟོང་པ་ཁོ་ན་ལས་དོན་གྱི་སྙིང་པོ་ཞིབ་ཕྲ་འབྲི་མི་ཐུབ་པ་དེ་རེད། དེ་ནི་རྒྱུན་དུ་སློབ་མ་ཚོས་བྱ་དངོས་ལ་རྟོགས་ཞིབ་བྱེད་ཚད་མི་འདང་བ་དང་ལྟ་ཞིབ་ཀྱི་གོམས་གཤིས་མེད་པ་ལས་ཐོན་པའི་གནད་དོན་ཞིག་རེད། གང་ལགས་ཤེ་ན། རྩོམ་ཡིག་གི་རྒྱུ་ཆ་ནི་འཚོ་བ་་ནས་བྱུང་བ་ཞིག་རེད། འོན་ཀྱང་། འཚོ་བར་ལྟ་ཞིབ་དང་ཤེས་རྟོགས་མ་བྱས་ཚེ་ཡིག་ཐོག་ཏུ་འབེབས་རུང་བའི་བརྗོད་བྱ་འདང་གི་མེད་པས། དགེ་རྒན་ཚོས་རྒྱུན་དུ་སློབ་མར་བྱ་དངོས་ལ་ལྟ་ཞིབ་དང་ཤེས་རྟོགས་བྱེད་པའི་ནུས་པ་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་མ་རང་ཉིད་ནས་རྩོམ་འབྲིར་མཁོ་བའི་རྒྱུ་ཆ་གསོག་འཇོག་གང་མང་བྱེད་དགོས།

    ལྔ་པ། ལད་འབྲི་བྱེད་དུ་བཅུག་ན་གཞན་གྱི་རྩོམ་རྩལ་བགོས་ནས་རང་སྟོབས་ཀྱི་རྩོམ་འབྲིའི་ནུས་པ་བསྐྱེད་ན་རྩོམ་འབྲིའི་སྤྲོ་བ་འཕེལ་ཐུབ།

    ལད་འབྲི་བྱས་ཏེ་རྩོམ་ཡིག་འབྲི་སྦྱོང་བྱེད་པ་ནི་སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན། རྩོམ་ཡིག་འབྲི་སྦྱོང་གི་གལ་ཆེའི་ཐབས་ལམ་ཞིག་རེད། དེས་སླད་ཕྱིན་རང་རྐྱ་འཕེར་བའི་སྒོ་ནས་རྩོམ་ཡིག་འབྲི་ཐུབ་རྒྱུར་ཕན་འབྲས་ཆེན་པོ་ཐོན་པས། ཐོག་མར་གཞན་གྱིས་བྲིས་པའི་རྩོམ་ཡིག་ཐེངས་མང་ཀློག་པ་དང་གཞན་རྩོམ་གྱི་ཁྱད་ཆོས་སེམས་ལ་བག་ཆགས་ཡོད་པར་བྱས་ཏེ་བློ་སྒོ་འབྱེད་ཐུབ་པ་དགོས། དཔེར་ན་བསླབ་གཞིའི་ནང་དུ་ཡོད་པའི《གཡུ་བྱིའུ 》ལྟ་བུའི་སྲོག་ཆགས་ཀྱི་ཁྱད་ཆོས་འབྲི་བའི་དཔེ་དང་། མི་སྣ་དང་བྱ་བའི་ཁྱད་ཆོས་འབྲི་བ་སོགས་ཀྱི་རྩོམ་གཞིར་དཔེ་བལྟས་ནས་རང་ཁྱིམ་གྱི་ཁྱི་ཞིམ་དང་། བྱ་དེ། རང་གི་གྲོགས་པོ། ཡང་ན་ཕ་ཡུལ་གྱི་དབྱར་དགུན་གྱི་རྣམ་པ་བརྩམ་གཞིར་བྱས་ནས་ལད་འབྲི་བྱས་ཚེ། ཐོག་མར་རྩོམ་ཐུང་ཙམ་ལས་འབྲི་མི་ཐུབ་རུང་སློབ་མར་རྩོམ་འབྲིའི་སྤྲོ་བ་འཕེལ་སྲིད་པས། སློབ་མ་ཚོར་སླད་ཕྱིན་གཞན་རྩོམ་བཀླག་རྒྱུར་སྐུལ་མ་ཐེབས་པ་མ་ཟད། བརྗོད་པ་སྙན་པ་དག་ཟིན་བྲིས་འདེབས་རྒྱུའི་གོམས་གཤིས་འཇགས་སྲིད། འོན་ཀྱང་ལད་འབྲི་ནི་ཐོག་མའི་རྩོམ་འབྲིའི་ཐབས་ཤེས་ཙམ་ཡིན་པས། དགེ་རྒན་ཚོས་སློབ་མས་རྩོམ་ཡིག་ཅི་བྲིས་ཀྱང་ཚང་མ་ལད་འབྲིའི་དབང་དུ་མི་ཤོར་བར་སྔོན་འགོག་བྱེད་དགོས། དེ་ལྟར་ལད་འབྲི་བྱས་ནས་རྩོམ་ཡིག་འབྲི་ཤེས་པ་དང་མཐའ་མར་ཡུལ་གྱི་རི་ཆུ་དང་། གནམ་གཤིས། ཁོར་ཡུག མི་སྣ་སོགས་ཀྱི་ཁྱད་ཆོས་ཇི་བཞིན་རང་གི་མཐོང་ཐོས་མྱོང་གསུམ་རྩོམ་ཡིག་ཐོག་རང་རྐྱ་འཕེར་བའི་ངང་ནས་འབྲི་ཐུབ་ཚེ་སློབ་མ་རང་ཉིད་ལ་རྩོམ་འབྲིའི་གདེང་ཚོད་དང་སྤྲོ་བ་འཕེལ་ཐུབ།

    མདོར་ན། གོང་གསལ་གྱི་གནད་དོན་དེ་དག་ནི་གུས་མོ་རང་ངོས་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་རིང་བསམ་གཞིག་དང་ཕྱོགས་སྡོམ་བྱས་པའི་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་ཀྱི་ལྟ་ཚུལ་ཙམ་ཡིན་པས་མ་དག་པ་དང་མ་འགྲིག་པའི་གནས་ལ་ཕྱོགས་ཁག་གི་སྐྱོན་བརྗོད་དང་དགོངས་འཆར་ཡོད་པ་མཁྱེན།

    (ལྷ་ས་སློབ་ཆུང་དང་པོའི་བོད་ཡིག་ཚོགས་ཆུང་། ཚེ་རིང་བདེ་སྐྱིད)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།