[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་བསམ་ཚུལ་རེ་གཉིས་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-29

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སློབ་གསོས་མིའི་རིགས་ཀྱི་ད་ལྟའི་གནས་བབས་གཏན་འཁེལ་བྱས་ཡོད་ལ། མ་འོངས་པའི་གནས་བབས་ཀྱང་གཏན་འཁེལ་བྱེད་ཐུབ་ཅེས་གསུངས་པ་ལྟར། མ་འོངས་པའི་བོད་ཀྱི་འཕེལ་རྒྱས་དེ་ཡང་བོད་ཀྱི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད། རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་མ་འོངས་འཕེལ་རྒྱས་ལ་དམིགས་ནས། སྔ་རྗེས་སུ་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། ཡིན་ནའང་བྱ་ཐབས་དེ་དག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་སློབ་གསོའི་གཡུལ་ས་མདུན་མར་གནས་པའི་དགེ་རྒན་གྱི་སློབ་གསོ་གཏོང་ཐབས་ནི་འགག་རྩར་གྱུར་པ་ཞིག་ཏུ་སྣང་། འདིར་སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལག་ལེན་དངོས་ལ་བསྟུན་ཏེ་སློབ་ཁྲིད་བྱེད་ཕྱོགས་ནས་དགེ་རྒན་གྱིས་སློབ་མའི་བསམ་བློ་ཀུན་སྤྱོད་དང་། སློབ་ཁྲིད་ཀྱི་ཐབས་ཤེས་གང་འདྲ་སྤྱོད་དགོས་མིན་ཐད་རང་ཉིད་ཀྱི་བསམ་ཚུལ་འགའ་ཞིག་ཞུ་བར་བྱའོ།

    དང་པོ། སློབ་ཁྲིད་བྱེད་སྐབས་སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་རྒྱག་རྒྱུར་སྣང་ཆེན་བྱེད་དགོས།

    དེ་ཡང་བོད་སྐད་ཡིག་གི་སློབ་ཚན་འཁྲིད་སྐབས་སློབ་ཕྲུག་གི་བསམ་བློ་ཀུན་སྤྱོད་ཚད་དང་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཡིན་གཤིས། ཕྱི་རྒྱལ་གྱི་མཁས་པ་གྲགས་ཅན་ཡོ་ཧན་སིན་གྱིས་ཀུན་སྤྱོད་བཟང་པོ་ནི་ཤེས་ཡོན་གྱི་ཚད་མཐོ་པོར་སླེབས་པའི་རྟགས་མཚན་ཡིན་ཞེས་དང་། ས་སྐྱ་ལེགས་བཤད་ལས། ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། ཞེས་དང་། དེ་བཞིན། གལ་ཏེ་རིག་པ་ཡོད་ན་ཡང་། །སྐྱེ་བོ་རང་བཞིན་ངན་པ་སྤང་། །དུག་སྦྲུལ་ནོར་བུས་མགོ་བརྒྱན་ཀྱང་། །མཁས་པ་སུ་ཞིག་པང་དུ་ལེན། །ཞེས་གསུངས་པ་བཞིན་བསམ་བློ་དང་ཀུན་སྤྱོད་བཟང་པོ་ཞིག་སྐྱེད་སྲིང་བྱེད་པ་ནི་གནའ་དེང་ཀྲུང་ཕྱི་གང་ཡིན་ཡང་། སློབ་གསོའི་ཐུན་མོང་གི་དོན་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད། རིག་གནས་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་མ་གཞི་གཞི་གཅིག་ཏུ་གྲུབ་ཡོད་ཀྱང་། ཤེས་བྱ་ཡོན་ཏན་བསླབས་རྗེས་རང་ཤུགས་ཀྱིས་ཀུན་སྤྱོད་ཚད་ལྡན་དུ་འགྲོ་བའི་ངེས་པ་མེད། དེ་བས་ང་ཚོས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་མ་ཚོ་འཚར་ལོངས་ཡག་པོ་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པས་ན། ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་། ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱས་ནས་སློབ་མ་རྣམས་ཀུན་སྤྱོད་བཟང་བ་དང་། ཤེས་རིག་ལྡན་པ། ཚན་རིག་ལ་དགའ་ཞེན། ཕུགས་བསམ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་དགོས།

    གཉིས་པ། སློབ་ཁྲིད་བྱེད་སྐབས་སློབ་མར་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་བྱེད་དགོས།

    བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། བསླབ་གཞི་གསར་པ་སྒྱུར་བཅོས་བྱས་ནས་སློབ་ཕྲུག་གི་ཤེས་རིག་དང་ཀུན་སྤྱོད་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་ཐབས་བྱེད་པའི་དུས་འདིར་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ང་ཚོ་དགེ་རྒན་གྱིས་ཐོག་མར་སློབ་ཕྲུག་རྣམས་ལ་རང་འགུལ་གྱིས་སྤྲོ་སྣང་འཕེལ་བའི་སྒོ་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱངས་པ་བྱེད་པའི་ཀུན་སློང་བཟང་པོ་སྐྱེད་སྲིང་བྱེད་དགོས་ཤིང་། དེའང་དང་ཐོག་སྦྱང་བྱའི་ཡུལ་ལ་དགེ་སློབ་ཕྱོགས་གཉིས་ཀ་དགའ་སྤྲོས་འཇུག་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་སྐྲུན་དགོས། དེ་ནས་དགེ་སློབ་དབར་བློ་མཐུན་པའི་གྲོགས་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། ལྷག་དོན་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་གྱིས་སྐར་མ་བཞི་བཅུའི་སློབ་ཁྲིད་ནང་། སློབ་མ་གཙོ་བོར་བཟུང་སྟེ་སློབ་མ་ཚོའི་སློབ་སྦྱོང་གི་ཧུར་སེམས་འཕེལ་བ་བྱས་ཏེ། ཁོ་ཚོས་རང་འགུལ་གྱི་ཐོག་ནས་སློབ་སྦྱོང་དང་བསམ་གཞིག་བྱེད་པའི་ནུས་པ་གསོ་སྐྱོང་གང་ལེགས་བྱེད་དགོས། སློབ་ཁྲིད་ཀྱི་དོན་དངོས་ལས་ར་སྤྲོད་བྱས་པར། གཞན་དབང་གིས་སྦྱོང་བར་སྐུལ་བ་ནས་རང་འགུལ་གྱིས་སྦྱོང་བར་བསྒྱུར་ཐུབ་ཚེ། གཞི་ནས་སློབ་སྦྱོང་བྱེད་པའི་བློ་སྐྱེས་ནས་སྦྱངས་འབྲས་ལེགས་སུ་འགྲོ་བའི་རེ་བ་ཡོད། དེ་སྔོན། ཁྱིམ་བདག་ལ་ལས་བུ་ཕྲུག་བཟང་པོ་ནི་དབྱུག་པས་བཙན་འདེད་བཏང་ནས་བྱུང་བར་འདོད་ལ། དགེ་རྒན་ལ་ལས་སློབ་མ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པོ་ཆགས་པ་ནི་དགེ་རྒན་གྱིས་ཉིན་ལྟར་ལུས་དང་གྲིབ་མ་བཞིན་མ་བྲལ་བར་ལྟ་སྐུལ་བྱས་པ་ལས་བྱུང་བར་བཞེད་པས། བུ་ཕྲུག་གམ་སློབ་མར་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོ་སྐབས་རག་གི་མེད། ཁོ་ཚོ་ནི་རླུང་ཙིའི་ནང་གི་བྱིའུའི་དཔེར་ཟླར་གྱུར་ཏོ། དོན་དུ་སློབ་མ་ཚོས་རང་གི་སྦྱང་བྱའི་ཡུལ་ལ་རང་འགུལ་གྱིས་སྦྱོང་འདོད་ཀྱི་བློ་ཞིག་སྐྱེས་པ་ཡིན་ན། ད་གཟོད་བོང་བུ་འདེད་འདེད་བྱེད་མི་དགོས་པར་རང་འགུལ་གྱིས་སློབ་སྦྱོང་ནན་ཏན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་སྲིད།

    གསུམ་པ། སློབ་ཁྲིད་ལ་ཕན་འབྲས་ཐོན་རྒྱུར་ཤུགས་སྣོན་རྒྱག་དགོས།

    དེ་ཡང་སློབ་གསོ་ལེགས་ཉེས་ནི། སློབ་གྲྭ་དང་སློབ་མ་མང་ཉུང་གི་སྟེང་ནས་ཕྱེ་བ་མིན། དེ་ཡང་བཟོ་གྲྭ་ལྟ་བུར་ཆ་མཚོན་ན་བཟོ་གྲྭ་བཟང་ངན་ནི། བཟོ་གྲྭ་ཆེ་ཆུང་དང་། ཐོན་རྫས་མང་ཉུང་གི་སྟེང་ནས་ཕྱེ་བ་མིན་གྱི། ཐོན་རྫས་ཀྱི་སྤུས་ཚད་སྟེང་ནས་ཕྱེ་བ་ལྟ་བུ་རེད། སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། བསླབ་གཞི་གསར་པའི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དེང་གི་དུས་འདིར་སློབ་ཁྲིད་བྱེད་ཐབས་མང་པོ་ཞིག་བཏོན་དང་འདོན་བཞིན་ཡོད། ཡང་འདིར་རང་ཉིད་ཀྱི་བསམ་ཚུལ་ཙམ་ཞུས་ན།

    1.སློབ་ཁྲིད་དངོས་ནང་འཆར་གཞི་ཡོད་པའི་སྒོ་ནས་སློབ་ཁྲིད་དང་། སློབ་སྟོན་བྱ་རྒྱུ་ནི་ཆེས་གལ་ཆེ་བའི་གནས་ལ་འཇོག་དགོས། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སློབ་མའི་སེམས་ཁམས་དང་མཐུན་པའི་བྱེད་སྒོ་མང་དུ་སྤེལ་དགོས་ལ། བྱེད་སྒོ་སྤེལ་སྐབས་སྔོན་ནས་བཟོས་པའི་འཆར་གཞི་ལྟར་སྤེལ་དགོས་པ་མ་ཟད། དགེ་རྒན་གྱིས་སློབ་མའི་ཚབ་མ་བྱས་པར་སློབ་སྟོན་བྱ་རྒྱུ་གཙོ་བོར་བཟུང་ནས་སྤེལ་དགོས།

    2.སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་ཕན་ཚུན་དྲི་བ་མང་ཙམ་འདོན་དགོས། སློབ་ཁྲིད་ནི་དགེ་རྒན་གཅིག་པོའི་ལས་འགན་མ་ཡིན་པར། དེ་ནི་དགེ་སློབ་གཉིས་ཀའི་ལས་འགན་ཞིག་ཡིན་པར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས། སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ལག་བསྟར་བྱེད་དགོས་ཏེ། གཅིག་ནས་སློབ་མའི་དོ་སྣང་བྱ་ཡུལ་དེ་སློབ་ཁྲིད་ཀྱི་ཐོག་ཏུ་འགུག་ཐབས་བྱེད་དགོས། གཉིས་ནས་དགེ་རྒན་གྱིས་བསླབས་པའི་ཤེས་བྱ་དང་། ཡང་ན་ཐབས་ཤེས་རྣམས་སློབ་མས་ཤེས་སུ་འཇུག་དགོས། དཔེར་ན། སློབ་མར་དྲི་བ་འདོན་རྒྱུ་ནི་ཐབས་ལམ་ལེགས་པོ་ཞིག་ཡིན། དེས་སློབ་མའི་བསམ་གཞིག་དང་ལན་འདེབས་པའི་སྤོབས་པ་དང་སྐད་ཆ་ཤོད་སྟངས་སོགས་ལ་སྦྱོང་བརྡར་སྤྲོད་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་མ་ཟད། དགེ་སློབ་དབར་འབྲེལ་བ་བཟང་པོ་ཞིག་ཀྱང་འཛུགས་ཐུབ་པ་ཡིན།

    3.སློབ་ཁྲིད་བྱེད་སྐབས་ཡིག་ཚད་མང་ཙམ་གཏོང་དགོས། རྒྱུགས་ལེན་པ་ནི་སློབ་མས་སྦྱང་བྱའི་ཡུལ་ལ་སྦྱངས་པ་ཇི་ཙམ་བྱས་ཡོད་མེད་རྟོགས་པར་བྱེད་པའི་རྒྱ་མ་ལྟ་བུ་ཞིག་ཡིན་པས། འདི་ནི་སློབ་མར་ལྕག་སྐུལ་དང་དཔྱད་དཔོག་བྱེད་པའི་སློབ་གསོའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེར་བརྟེན་དགེ་རྒན་གྱིས་རྣམ་ཀུན་ཡིག་ཚད་མང་ཙམ་གཏོང་དགོས་ལ་ཡིག་ཚད་ཀྱི་སྐར་གྲངས་མཐོ་དམན་ལ་གཞིགས་ནས་སློབ་ཁྲིད་བྱེད་ཐབས་སྒྱུར་དགོས་མིན་སོགས་ལ་བསམ་གཞིག་བྱས་ཏེ་སློབ་ཁྲིད་ཀྱི་བྱ་ཐབས་སྒྱུར་བཅོས་གཏོང་དགོས་རིགས་ལ་སྒྱུར་བཅོས་དང་། ཤུགས་སྣོན་རྒྱག་དགོས་རིགས་ལ་ཤུགས་སྣོན་རྒྱག་དགོས། དེ་ལྟར་བྱས་ན་སློབ་གསོའི་ལས་དོན་གོང་དུ་འཕེལ་བར་གདོན་མི་ཟ།

    མདོར་ན། སློབ་ཁྲིད་བྱེད་པའི་ཁྲོད་དགེ་རྒན་གྱིས་སློབ་གསོའི་རྩ་དོན་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྱུར་བཅོས་གང་ལེགས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་གསར་པ་གང་མང་འདོན་དགོས་སོ།

    (ལྷ་ས་ཧའེ་ཁྲེང་སློབ་ཆུང་བོད་སྐད་ཡིག་རིག་ཚན་གྱི་བུ་མིག་དམར)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།