[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཀུན་སྤྱོད་བཟང་པོ་ཞིག་འཇགས་དགོས་པའི་བསམ་ཚུལ་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-28

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཡོང་ཆེད། རང་ཉིད་ནས་སྤྱི་ཚོགས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཆེད་ཀུན་སྤྱོད་བཟང་པོ་ཞིག་འཇགས་དགོས་པའི་སྐོར་བསམ་འཚུལ་ཕྲན་བུ་ལྷུག་པོར་བརྗོད་པར་འདོད་པ་གཤམ་གསལ།

    དང་པོ། ཀུན་སྤྱོད་སློབ་གསོའི་ངོ་བོ་བཤད་པ།

    སྤྱིར་ཀུན་སྤྱོད་ལ། ལུས་ཀྱི་ཀུན་སྤྱོད་དང་། ངག་གི་ཀུན་སྤྱོད། ཡིད་ཀྱི་ཀུན་སྤྱོད་བཅས་གསུམ་དུ་ཕྱེ་ཡོད་དེ། དེ་ཡང་ལུས་ཀྱི་ཀུན་སྤྱོད་ནི་རང་གཞན་གྱི་སྲོག་མི་གཅོད་པ་དང་རྐུ་མ་མི་བརྐུ་བ་སོགས་ལུས་ཀྱི་འདུལ་ཁྲིམས་ཚུལ་བཞིན་དུ་བསྲུངས་ཤིང་ཡ་རབས་གུས་ཞབས་ལྡན་པའི་ལུས་ཀྱི་ཀུན་སྤྱོད་བཟང་པོ་འཇགས་པ་དེ་ལ་བྱ་བ་ཡིན། ངག་གི་ཀུན་སྤྱོད་ནི་རྫུན་བཤད་པ་དང་། དཀྲོག་གཏམ་སྒྲོག་པ། མི་གཞན་ལ་ཚིག་ངན་སྨྲ་བ་སོགས་སྤངས་ཏེ་ངག་འདུལ་ཁྲིམས་ལྟར་ཚུལ་བཞིན་དུ་བསྲུངས་ཤིང་ཞེ་ས་གུས་བཀུར་དང་ལྡན་པའི་ངག་བཟང་པོ་དེ་ལ་བྱ་བ་ཡིན། ཡིད་ཀྱི་ཀུན་སྤྱོད་ནི་བརྣབ་སེམས་དང་། གནོད་སེམས། ཕྲག་དོག་སོགས་མེད་པར་གཞུང་དྲང་བ་དང་གཞན་ཕན་ལྷག་བསམ་བཟང་པོ་དེ་ལ་བྱ་བ་ཡིན། དེས་ན་མིག་སྔར་བསམ་བློ་སློབ་གསོའི་ལས་དོན་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱའི་ཁྲོད་མེད་དུ་མི་རུང་བ་ནི་ལུས་ངག་ཡིད་གསུམ་གྱིས་སྤྱོད་བཟང་སྤེལ་རྒྱུ་དེ་ཡིན་ཏེ། མི་རང་རང་སོ་སོ་དང་། ཁྱིམ་ཚང་སོ་སོ། སྤྱི་ཚོགས་ཧྲིལ་པོ་བཅས་ལ་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་སྤྱོད་ལམ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཡ་རབས་ཀྱི་ཁྱིམ་ཚང་དང་། ཀུན་སྤྱོད་ཀྱི་མིག་དཔེ། མི་སྣ་ཡག་ཤོས་བཅས་དང་དཔེ་མཚོན་གྱི་སྔོན་ཐོན་བྱས་རྗེས་ཡོད་པ་བྱས་ཏེ། ཡོད་པ་དེ་གོང་འཕེལ་དང་། སྤུས་དག་ཏུ་གཏོང་བའི་ཐབས་དམ་པ་དེ་ལ་འབད་པ་བྱ་འོས་པ་ཡིན་ནོ།

    གཉིས་པ། ཀུན་སྤྱོད་སློབ་གསོའི་ལག་ལེན།

    དེང་གི་དུས་རབས་ཉེར་གཅིག་པའི་ལམ་བུ་གསར་པའི་འོད་སྟོང་འཕྲོ་བའི་དུས་སྐབས་བཟང་པོ་འདིར། རང་རྒྱལ་ལ་ཆ་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ནི་ཀུན་སྤྱོད་སློབ་གསོའི་ལག་ལེན་དངོས་ཡིན། དེར་བརྟེན་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་མི་དམངས་དང་རྒྱ་ཆེའི་གྲྭ་བཙུན་དག་ལ་དམིགས་བསལ་གྱི་གཟིགས་སྐྱོང་ཚད་མེད་གནང་བའི་བྱམས་བརྩེའི་གཟི་བརྗིད་འོག་བོད་ཀྱི་རིག་གནས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་གོ་སྐབས་བཟང་པོ་ཤར་བ་འདི་དང་བསྟུན། ང་ཚོའི་བསམ་བློ་དང་ཀུན་སྤྱོད་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་བྱ་གཞག་དང་མཐུན་དགོས་པ་དང་། ལྷག་པར་དུ་བསམ་བློ་དང་བྱ་སྤྱོད་ལག་ལེན་དངོས་ཀྱི་ཁྲོད་དོན་འཁྱོལ་བྱེད་དགོས་པ་ཤིན་ཏུ་གལ་ཆེ། ང་ཚོ་གྲྭ་བཙུན་ཞིག་གི་ངོས་ནས་བཤད་ན། རྨང་གཞིའི་ཀུན་སྤྱོད་དང་བསམ་བློའི་སློབ་གསོ་དེ་དག་ལ་ཤུགས་སྣོན་བརྒྱབ་ཚེ། ཏང་དང་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་བཟང་པོའི་དྲོ་སྐྱིད་ཚོར་ཐུབ་ལ་ཏང་ཀྲུང་དབྱང་གིས་ཆོས་དད་རང་མོས་ལ་བརྩི་མཐོང་དང་རྒྱབ་སྐྱོར་བླ་མེད་གནང་བ་དང་རྒྱ་ཆེའི་ཆོས་ལུགས་པ་དང་དད་ལྡན་མང་ཚོགས་ལ་ཆོས་དད་རང་མོས་ཀྱི་བཀྲ་ཤིས་དུས་བཟང་ཡིན་པའང་ཚོར་ཐུབ། ངེད་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེ་མོས་དུས་རབས་གསར་པའི་བླ་སྤྲུལ་དང་དགེ་བཤེས་སོགས་ལ་ཆེད་དུ་དམིགས་ནས་བོད་བརྒྱུད་ནང་བསྟན་རིག་གཞུང་དང་བསམ་བློ་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་རུ་གཏོང་བའི་ཁོར་ཡུག་རྨད་དུ་བྱུང་བ་ཞིག་མཁོན་འདོན་མཛད་ཡོད་པས། སློབ་གླིང་འདི་ཉིད་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཚབ་མཚོན་མི་སྣའི་གར་སྟེགས་བཟང་པོ་ཞིག་ཡིན་ཞེས་བོད་ལྗོངས་ནང་བསྟན་སློབ་ཆེན་གྱི་སློབ་གཙོ། གྲུབ་མཐའ་རིས་མེད་ཀུན་ལ་བཀའ་དྲིན་ཆེ་བའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེས་གསུངས་ཡོད། ཁོང་གིས“རྒྱལ་གཅེས་ནི་སྔོན་འགྲོ་ཡིན་ལ། ཆོས་གཅེས་ནི་དམིགས་ཡུལ་ཡིན། ཁྲིམས་སྲུང་ནི་འགན་ལེན་ཡིན། ཏང་ལ་དགའ་ཞེན་ལོས་བྱེད་མགོན་སྐྱབས་ཡིན། མགོན་སྐྱབས་མེད་ན་ཉམས་ཆུང་བཙན་པོས་བརྡུང་། མེས་རྒྱལ་ལ་དགའ་ཞེན་ལོས་བྱེད་སྐྱེད་མ་ཡིན། སྐྱེད་མའི་བརྩེ་དུང་དྲོ་སྐྱིད་འགྲན་ཟླ་བྲལ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ལོས་བྱེད་སྐྱོབ་ལམ་ཡིན། ཀྲུང་ཧྭ་བསྐྱར་དར་འཛམ་གླིང་མདུན་གྲལ་འཁྲིད། མི་དམངས་ལ་དགའ་ཞེན་ལོས་བྱེད་རྟེན་ས་ཡིན། ཉ་མོ་ཆུ་དང་བྲལ་ན་འཚོ་ཐབས་བྲལ། ཆོས་ལ་དགའ་ཞེན་ལོས་བྱེད་དད་ཡུལ་ཡིན། བྱམས་སྙིང་གཞན་ཕན་བསྐུལ་ནས་བདེ་ལམ་འཇུག”ཅེས་གསུངས་པ་ནི་ངེད་གྲྭ་བཙུན་ལས་བཟོ་ཡོངས་ལ་སྐོམ་པ་ཆུ་འདོད་དང་ལྟོགས་པ་ཟས་འདོད་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་ལག་ལེན་གྱི་མིག་ལྟོས་བཟང་པོའི་ཚད་གཞི་གལ་ཆེན་ཞིག་རེད།

    གསུམ་པ། ཀུན་སྤྱོད་སློབ་གསོའི་རིན་ཐང་།

    འཕགས་པ་ཀླུ་གྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་གསུངས་པ་ལྟར་ས་གཞི་ཆེན་པོ་འདིའི་རྒྱུ་བ་འགྲོ་བ་རྣམས་དང་མི་རྒྱུ་བ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སོགས་ཀྱི་རྟེན་བྱེད་པ་བཞིན་དུ་ཀུན་སྤྱོད་དེས་ནི། རང་རྒྱུད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཐམས་ཅད་མ་སྐྱེ་བ་སྐྱེད་པར་བྱེད། སྐྱེས་པ་གོང་དུ་འཕེལ་བའི་ཡོན་ཏན་དང་ཡང་ལྡན་པ་ཡིན། འཛམ་གླིང་ཤར་ནུབ་ཀུན་ལ་སྙན་པ་འཕུར་བའི་བསམ་བློ་བ་ཨེ་དབྱིན་སི་ཐན་ཀྱིས། མིའི་རིན་ཐང་ཡོད་དོ་ཅོག་གི་རྨང་གཞི་ནི་ཀུན་སྤྱོད་ཡིན་ཞེས་གསུངས་ཡོད་པ་དང། དབྱིན་ཇིའི་ལོ་ཁེས་ཀྱང་། བཟང་སྤྱོད་ནི་སེམས་ཁམས་ཀྱི་ནོར་གཏེར་ལྟ་བུ་ཡིན། ཞེས་གསུངས་མྱོང་ཡོད། གཞན་ཡང་མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རླབས་ཆེན་གྱི་སྤྱོད་པ་ལ་བརྟེན་ནས་འཕེལ་རྒྱས་འགྲོ་གི་ཡོད་པ་དང་། ལོ་རྒྱུས་རིམ་བྱུང་ནང་ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་ཡ་རབས་ཀུན་སྤྱོད་ནི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཅི་ལ་མིན། དོན་དེ་ལ་དམིགས་ནས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱོད་བཟང་དར་སྤེལ་གཏོང་དང་གཏོང་མུས་ཡིན་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་དང་། མངོན་པར་བསྟོད་དགོས་པ་ཅི་ལ་མ་ཡིན།

    མདོར་ན། ཡ་རབས་ཀུན་སྤྱོད་ཀྱི་རྒྱུ་ལ་བརྟེན་ནས་མི་དང་མིའི་དབར་དང་། མི་རིགས་དང་མི་རིགས་དབར། ཆུང་བ་ཁྱིམ་ཚང་ནས་ཆེ་བ་རྒྱལ་ཁབ་དབར་ཡར་རྒྱས་རྨང་གཞི་ནི་ཀུན་སྤྱོད་བཟང་པོ་ཆགས་པ་བྱེད་རྒྱུ་དེ་ཁོ་ན་ཡིན་པའི་ཡིད་ཆེས་ཐོབ། ཡིད་ཆེས་དེ་ལ་བརྟེན་ནས་མཐུན་སྒྲིལ་བྱུང་བས། ཐམས་ཅད་ལ་དགོས་པའི་མཐུན་སྒྲིལ་ནི་ཀུན་སྤྱོད་སློབ་གསོའི་གྲུབ་འབྲས་ཡིན། ཕྱི་ལུས་ངག་གི་ཀུན་སྤྱོད་བཟང་པོ་ལ་བརྟེན་ནས་ནང་འདུ་ཤེས་ཡོན་ཏན་བཟང་པོ་གོ་ཆོད་པ་ཞིག་ཡོང་བས། ཀུན་གྱིས་ཤེས་དགོས་པའི་ཡོན་ཏན་བཟང་པོ་དེ་ཡང་ཀུན་སྤྱོད་སློབ་གསོའི་གྲུབ་འབྲས་ཡིན། ཀུན་སྤྱོད་བཟང་པོས་ཕན་ཚུན་བསམ་ཤེས་དང་བརྩི་འཇོག འདྲ་མཉམ་གྱི་ལྟ་བ་བཅས་ཡོང་བས། ཚང་མར་མཁོ་བའི་འདྲ་མཉམ་དེ་ཡང་ཀུན་སྤྱོད་སློབ་གསོའི་གྲུབ་འབྲས་ཡིན། ཀུན་སྤྱོད་བཟང་པོར་བརྟེན་ནས་བྱམས་སེམས་དང་། སྙིང་རྗེ། གཞན་ཕན་ལྷག་བསམ་བཅས་སྐྱེས་ཤིང་། དེ་ལ་བརྟེན་ནས་ཆུང་ས་མི་དང་མིའི་དབར་དང་། འབྲིང་ས་མི་རིགས་དང་མི་རིགས་དབར། ཆེ་ས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་སོགས་ཕ་མ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཐོབ་པའི་དོན་ལ་བརྩོན་པའི་སྙིང་སྟོབས་དེ་བྱུང་བས། ཀུན་གྱིས་རེ་སྨོན་བྱེད་པའི་ཞི་བདེ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་ཀྱང་ཀུན་སྤྱོད་སློབ་གསོའི་གྲུབ་འབྲས་ཉག་གཅིག་ཡིན་ནོ།

    (བོད་ལྗོངས་ནང་བསྟན་སློབ་གླིང་གི་ཚེ་དབང་བཀྲ་ཤིས་གིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།