[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མར་སློབ་ཁྲིད་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-28

    སློབ་གསོའི་བྱ་བར་འཇུག་མི་འཇུག་གི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་དང་ཐོག་སློབ་གསོར་ཡང་དག་པའི་ངོས་འཛིན་ཞིག་དགོས། གལ་སྲིད་དེ་ལྟར་མ་བྱུང་ཚེ་སློབ་གསོས་མི་སྒེར་དང་སྤྱི་ཚོགས་ལ་ཕན་ནུས་ཅི་འདྲ་ཞིག་ཐོན་པ་དང་། སློབ་གསོའི་གལ་ཆེའི་རང་བཞིན་ཤེས་དཀའ་བ་ཞིག་ཏུ་སྣང་། དེས་ན་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་དུས་འདིར། ང་ཚོ་ལས་རིགས་འདྲ་མིན་གྱི་སྐྱེ་བོ་ཚང་མས་སློབ་གསོར་མཐོང་ཆེན་དང་མྱུ་གུ་གསར་པ་ཞིག་ལ་རེ་བའི་ཚ་རླབས་འཕྱུར་བཞིན་ཡོད།

    སློབ་ཆུང་སློབ་གསོ་ནི་མི་ཚེའི་འོད་ཟེར་གྱི་གར་སྟེགས་སྟེང་མེད་དུ་མི་རུང་བ་ཞིག་རེད། ང་ཚོས་སློབ་གསོ་གཉེར་བའི་མཛུབ་ཁྲིད་ཀྱི་བསམ་བློ་བགྲོ་གླེང་དང་། ཆ་འཕྲིན་བསྡུ་ལེན། སྤུས་ཚད་འགན་ལེན་བྱས་ནས་སློབ་ཆུང་སློབ་གསོའི་བརྒྱུད་རིམ་ནང་སློབ་མའི་དོན་དངོས་ཀྱི་འཚོ་བ་དང་ཡིད་སེམས་ཀྱི་འགྱུར་བར་མཚུངས་པའི་ནང་དོན་དང་ཐབས་ལམ་སྤྱོད་གང་ཐུབ་བྱེད་དགོས།

    དང་པོ། སློབ་པའི་ནང་དོན།

    ང་ཚོས་སློབ་དགོས་པ་ནི་ཚན་རིག་དང་མཐུན་ཞིང་སློབ་མའི་རྒྱུད་ལ་ལྡོག་ཕྱོགས་ཀྱི་ནུས་པ་མི་ཐོན་པ། སློབ་ཆུང་སློབ་གསོ་ནི་སློབ་གསོ་དང་སློབ་ཁྲིད་ཟུང་འབྲེལབྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་དམིགས་ཚད་གཙོ་བོར་བཟུང་བ་དང་། སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ། སློབ་མའི་བསམ་བློ་དང་འཇིག་རྟེན་ལ་འཛིན་པའི་ལྟ་བ། ཡང་དག་པའི་རིན་ཐང་ལྟ་བ་དང་། བྱ་དངོས། མི་ཚེ། ཁོར་ཡུག་སོགས་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་། སྤྱི་ཚོགས་ཀྱི་འགྲན་སློང་དྲག་པོའི་ནང་སྤྱོད་སྒོ་ངེས་ཅན་ལྡན་པའི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་དམིགས་ཡུལ་དུ་འཛིན་དགོས་པ་ལས། གྲངས་ཀ་ཁོ་ན་གཙིགས་སུ་འཛིན་མི་རུང་། སློབ་ཆུང་སློབ་གསོའི་ནང་དགེ་རྒན་གྱིས་ཤེས་ཡོན་སློབ་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་ཕྱོགས་གཉིས་ཀྱི་ཐད་ནས་འབད་འཐབ་བྱེད་དགོས་པ་རེད།

    གཉིས་པ། སློབ་པའི་ཐབས་ལམ།

    1.སློབ་མའི་སེམས་ཁམས་དང་མཐུན་པ།

    སློབ་མ་ནི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་གཙོ་བོའི་གཞི་ཡིན། སློབ་པའི་བརྒྱུད་རིམ་ནང་སློབ་མའི་སེམས་ཁམས་ཁྱད་ཆོས་དང་། མཚར་སྣང་གི་བསམ་པ། ཤེས་འདོད་ཀྱི་འདུན་པ། རང་འགུལ་གྱི་འདུ་ཤེས་བཅས་ལ་བརྟེན་ནས་སློབ་དགོས། གལ་སྲིད་ང་ཚོས་རང་སྣང་གང་དྲན་གྱིས་ཁ་ནས་ཅི་ཐོན། འབྲེལ་མེད་འཆལ་གཏམ་སྨྲས་ཚེ་དགེ་རྒན་རང་ཉིད་ངལ་བའི་རྒྱུ་ཙམ་ལས། སློབ་ཁྲིད་ཀྱི་ནང་དོན་ལས་འགལ་བས་ལོ་མས་སྒྲིབ་པའི་ཤིང་སྡོང་ལྟ་བུ་ཞིག་ཏུ་གྱུར་པས། ང་ཚོས་ངེས་པར་དུ་སློབ་མ་གཙོ་བོར་བཟུང་ནས་སེམས་ཁམས་དང་མཐུན་པའི་ཤེས་རིག་གི་ས་བོན་འདེབས་དགོས།

    2.ཤེས་ཚད་དང་ཆ་རྐྱེན་མི་འདྲ་བ་ལས་འདྲ་མཉམ་གྱི་ལྟ་སྟངས།

    སློབ་ཆུང་གི་སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་སྤྱི་ཚོགས་ཀྱི་རྒྱུད་འཛིན་པ་ཤ་སྟག་རེད། མ་གཞི་སློབ་ཕྲུག་སོ་སོའི་བློ་གྲོས་དང་རྣམ་དཔྱོད། འཚར་ལོངས་ཀྱི་ཁོར་ཡུག་མི་འདྲ་ཡང་ང་ཚོས་ཕྱོགས་ལྷུང་གི་ལྟ་བ་མི་འཛིན་པར། འདྲ་མཉམ་གཅིག་མཚུངས་ཀྱི་ལྟ་སྟངས་བཟུང་བ་སྟེ། དཔེར་ན། སློབ་མའི་སློབ་སྦྱོང་ལ་བལྟས་ནས་འཛིན་གྲྭ་དབྱེ་བ་དང་། ཁྱིམ་བདག་གི་ངོ་སོར་བསྟུན་ནས་གྲལ་རིམ་དབྱེ་བ་སོགས་མི་བྱེད་པར་བྱ་བ་ཆུང་ཙག་ནས་འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་དགོས། དེ་ལྟར་ཤེས་བྱ་སློབ་པ་དང་སློབ་གསོའི་བྱེད་སྒོར་ཞུགས་པའི་གོ་སྐབས་འདྲ་མཉམ་སྤྲད་ཚེ། སློབ་ཕྲུག་གི་སློབ་སྦྱོང་དང་བྱེད་སྒོ་ཁག་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་མ་ཟད། སློབ་མ་ཕན་ཚུན་དབར་མཐུན་སྒྲིལ་ཇེ་ལེགས་སུ་འགྲོ་བ་དང་། སློབ་ཕྲུག་གིས་དགེ་རྒན་ལ་བརྩི་བཀུར་དང་ཤེས་བྱར་དགའ་ཞེན་སྐྱེ་བས་ཤེས་ཚད་ཀྱང་གོང་མཐོར་གཏོང་ཐུབ་པ་སོགས་ཀྱི་ནུས་པ་ཐོན་ཐུབ།

    3.སྒྲིག་འཛུགས་བྱེད་པ་ནས་ཐུན་མོང་གི་ཁོར་ཡུག

    མི་མང་འདུ་འཛོམས་བྱ་ཡུལ་གང་འདྲ་ཞིག་ཡིན་རུང་སྒྲིག་འཛུགས་ངེས་ཅན་ཡོད། སློབ་གྲྭ་ཡང་འདུ་འཛོམས་བྱ་ཡུལ་ཞིག་རེད། གལ་སྲིད་སློབ་གྲྭར་སྒྲིག་འཛུགས་མེད་ན་ཆུ་འཁོར་ལ་ཆུ་མེད་པ་དང་མཚུངས་ཏེ། ཆུ་འཁོར་ལ་ཆུ་མེད་ན་འཁོར་སྐྱོད་མི་ཐུབ་ཅིང་། སློབ་གྲྭར་སྒྲིག་འཛུགས་མེད་ན་ཀུན་སློང་དང་ནུས་ཤུགས་མེད་པ་ཆགས་སྲིད། ང་ཚོས་རིག་གཞུང་གི་ཕོ་བྲང་འདིར་ངེས་པར་དུ་དོན་དངོས་དང་མཐུན་པའི་སྒྲིག་ལམ་བཟོས་ནས་སློབ་གྲྭ་སྤྱི་དང་བྱེ་བྲག་འཛིན་གྲྭ་སོགས་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱས་ཚེ། སློབ་མའི་ཡིད་དབང་འཕྲོག་པའི་ཁོར་ཡུག་འདི་སྤྱད་ནས་ང་ཚོས་སློབ་ཕྲུག་གི་སེམས་ཁམས་དང་མཐུན་ལ་རྣ་བར་སྙན་པའི་སློབ་གསོའི་རོལ་དབྱངས་སྙན་མོ་ཞིག་ལེན་ཐུབ་ངེས་རེད།

    གསུམ་པ། གསོ་བའི་སློབ་ཁྲིད་དང་ཐབས་ལམ།

    སྐྱེ་བོ་ཚང་མ་ཡུམ་གྱི་མངལ་ནས་ལྟེ་ཁྲག་བོར་སྐབས་ཚང་མ་ཤོག་བུ་དཀར་པོ་ཞིག་དང་འདྲ་མོད། རང་རང་སོ་སོའི་འཚར་ལོངས་ཀྱི་ཁོར་ཡུག་ཐ་དད་པའི་དབང་གིས་ག་ལེར་ཁྱབ་ཁོངས་འདྲ་མིན་གྱི་ནག་ནོག་དྲི་མས་སྦགས་ཀྱི་ཡོད། སྐྱོན་མཚང་དེ་དག་དང་ལྷན་དུ་འཚར་ལོངས་ཀྱི་གོམ་སྟབས་དང་འགྲོགས་ཏེ་སྨིན་ལ་མ་སྨིན་གྱི་ཨ་མྲའི་འབྲས་བུ་དང་འདྲ་བའི་ཁྱིམ་ཚང་གི་སློབ་གསོ་ལས་བྲལ་རྗེས། འདུ་འཛོམས་ཆེ་ཞིང་རང་མཉམ་གྱི་ལོ་ཆུང་བྱིས་པ་རྣམས་དང་ལྷན་དུ་སློབ་གྲྭའི་སློབ་གསོའི་གར་སྟེགས་ལ་འཆད། གར་སྟེགས་འདིར་ཁོ་ཚོ་ནི་འཁྲབ་སྟོན་པ་དང་དགེ་རྒན་ནི་ལེགས་ལམ་ལ་ཁ་ལོ་བསྒྱུར་མཁན་གྱི་འཁྲབ་ཁྲིད་པ་ལྟ་བུར་གྱུར་ཡོད་པས། འཁྲབ་ཁྲིད་པ་འཁྲབ་སྟོན་པ་ཆུང་ཆུང་བའི་ཕྱོགས་གང་ས་སྤྱི་ཐད་ལ་གསོ་སྐྱོང་བྱེད་དགོས་ཀྱི་ཡོད། གསོ་སྐྱོང་གི་ཁྱབ་ཁོངས་ཧ་ཅང་ཆེ་ཡང་ཕྱོགས་གཉིས་ནས་གླེང་ཕྱོགས་ཏེ།

    1.བསམ་བློ་གསོ་བ།

    འདིར་བརྗོད་པའི་བསམ་བློ་ནི་བྱིས་པའི་དྭངས་གཙང་གི་བསམ་བློ་དང་རང་གཞན་ཀུན་ལ་ཕན་པའི་སེམས་དེར་ཟེར་བ་ཡིན། ལོ་ཆུང་བྱིས་པ་ཚོའི་ངོས་ནས་བརྗོད་ན། གཞན་ལ་ཕོག་ཐུག་མི་ཡོང་བའི་བསམ་བློ་གཏོང་ཐུབ་པ་ནི་ཧ་ཅང་གི་དཀའ་གནད་ཅིག་རེད། ཁོ་ཚོས་དུས་རྒྱུན་རྨོངས་ཚོད་ཀྱིས་བྱ་བར་འཇུག་པ་ལས། ལེགས་ཉེས་བླང་དོར་གྱི་གནད་ལུགས་རྒྱུ་མཚན་་རྟོགས་དཀའ་བས། དུས་རྟག་ཏུ་སློབ་ཕྲུག་ཕན་ཚུན་ཡང་མ་འཆམ་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད། ང་ཚོས་ངེས་པར་དུ་དེ་དག་གནད་དོན་ཆེན་པོ་ཞིག་ལ་ངོས་བཟུང་ནས་སློབ་གསོ་བྱ་དགོས་པ་ལས་སྣང་ཆུང་རྩ་བ་ནས་བྱེད་མི་ཉན། གཏམ་དཔེར་མི་ཞིག་བྱུང་ན་ཆུང་ནས་བྱུང་། རྟ་ཞིག་བྱུང་ན་རྟའུ་ནས་བྱུང་། མེ་ཆུང་དུས་ནས་གསོད་ཅེས་པ་ཧ་ཅང་བདེན། ང་ཚོས་ཆུང་དུས་ནས་བྱིས་པ་ཚོར་ཡང་དག་པའི་བསམ་བློའི་མཛུབ་ཁྲིད་དང་སྐྱོན་བརྗོད་བྱས་ནས། མ་འོངས་སྤྱི་ཚོགས་ལ་རང་གཞན་ཀུན་ཕན་གྱི་བསམ་བློ་དང་ལྡན་པའི་མི་ཞིག་ཆགས་པའི་ཤུགས་སྣོན་དང་སློབ་གསོ་གཏོང་དགོས།

    2.ཀུན་སྤྱོད་གསོ་བ།

    ཀུན་དང་མཐུན་པའི་སྤྱོད་པ་གསོ་བ་ནི་སློབ་གསོའི་བྱ་གཞག་ཁྲོད་ཧ་ཅང་གལ་འགང་ཆེ་བའི་ནང་དོན་ཞིག་རེད་ལ། སློབ་གསོ་སློབ་ཁྲིད་ཀྱི་མཐར་གཏུགས་ཀྱི་དམིགས་ཡུལ་ཡང་རེད། དགེ་རྒན་དང་ཕ་མ་སོགས་རང་ལས་རྒན་པ་རྣམས་ལ་གུས་ཞབས་དང་། སློབ་གྲོགས་ཕན་ཚུན་རོགས་རམ། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་། རྩྭ་རྩི་ཤིང་ལ་བདག་གཅེས། གཞན་ཡང་བཟང་ངན་གྱི་དབྱེ་འབྱེད་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་རྟག་ཏུ་གོང་གསལ་གྱི་ནང་དོན་དེ་དག་གཙོ་བོར་བཟུང་ནས། སློབ་མའི་ཀུན་སྤྱོད་ལ་སློབ་གསོ་གཏོང་དགོས་པ་དང་རང་དཔེ་གཞན་སྟོན་བྱེད་དགོས། ཀུན་སྤྱོད་སློབ་གསོ་ནི་ཧ་ཅང་གལ་ཆེ་བས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ངེས་པར་དུ་ནན་ཏན་དང་སློབ་ཕྲུག་ལ་རེ་བ་ནན་པོ་བཅོལ་དགོས།

    མདོར་ན། ཆ་འཕྲིན་འཕེལ་རྒྱས་འགྲོ་བའི་དེང་དུས་འདིར། སློབ་གསོའི་བྱ་གཞག་ལ་གཞོལ་བཞིན་པའི་ང་ཚོར་སྔར་མེད་འགྲན་རྩོད་འཕྲད་མུས་སུ་མཆིས་པས། སློབ་གྲྭའི་སློབ་གསོའི་ནང་སློབ་མའི་ཕྱོགས་གང་སྤྱིར་སློབ་གསོ་བྱེད་པ་དང་། སློབ་ཆུང་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མ་གཙོ་བོར་བཟུང་བའི་རྩ་དོན་ལ་དམིགས་ནས་སློབ་མའི་སེམས་ཁམས་དང་མཐུན་པའི་ཐབས་ལམ་གང་མང་སྤྱད་དེ་སྤྱོད་ཡོན་གཉིས་ལྡན་གྱི་བོད་གསར་འཛུགས་སྐྲུན་པ་གསོ་སྐྱོང་གི་ལས་ལ་རྩེ་གཅིག་ཏུ་གཞོལ་དགོས་སོ། །

    (བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ང་རབ་སློབ་ཆུང་གི་དགེ་རྒན་སྐལ་བཟང་དགྲ་འདུལ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།