[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འདི་ག་ནས་བོད་ཀྱི་འཕོ་འགྱུར་ཆེན་པོའི་གསང་ཨང་ཤེས་ཐུབ།

    ——“ཞིང་བྲན་སློབ་ཆེན”གྱི་གནའ་དེང་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏོན་ཀྲི་ཕུའུ་དང་། ཀྲང་ཅིང་ཕིང་། ལིས་ཅན།    |    སྤེལ་དུས།   2019-10-17

    670403_yis_1571202741862.jpg

    འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མས་ཀང་ཆིན་རང་སྦྱོང་ཁང་དུ་ཀང་ཆིན་སྦྱོང་བཞིན་པ།

    བོད་ཀྱི་སློབ་གསོར་སྐུ་དྲག་གི་སློབ་གསོ་ནས་མི་སེར་གྱི་སློབ་གསོའི་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་ཀྲུང་དབྱང་གིས་མེས་རྒྱལ་ནང་སར་བོད་ཀྱི་ཆེད་དུ་གཉེར་བའི་མཐོ་སློབ་ཐོག་མ་ཞིག་གི་ངོས་ནས། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རབ་བྱུང་གཅིག་གི་འཕོ་འགྱུར་བརྒྱུད། “ཞིང་བྲན་སློབ་ཆེན”ནས“ལས་བྱེད་པ་གསོ་སྐྱོང་བྱ་ཡུལ”དུ་གྱུར་བའི་བར་བོད་ཀྱི་འཕོ་འགྱུར་ཆེན་མོའི་གསང་ཨང་ཉར་ཚགས་བྱས་ཡོད།

    670401_yis_1571202741242.jpg

    འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྣམ་པ་ཧྲིལ་པོ་ཡིན་པ། 

    “ཞིང་བྲན་སློབ་ཆེན”གྱིས་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཁྱིམ་རང་བདག་བྱུང་བའི་བདེན་དཔང་བྱས་པ།

    བོད་རྙིང་པར་སློབ་གསོ་མྱོང་མཁན་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་ཞིང་། མི་འབོར་ཧྲིལ་པོའི་95%ཟིན་པའི་ཞིང་བྲན་ལ་སློབ་གསོ་མྱོང་དབང་མེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་གིས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ། ལས་ཀར་ཞུགས་མ་ཐག་ཡིན་པའི་སློབ་སྦྱོང་བྱེད་འདོད་ཆེ་བའི་བོད་ཀྱི་གཞོན་ནུ་ནང་སར་གསོ་སྦྱོང་ལ་གཏོང་དགོས་ལུགས་བཏོན།

    1958ལོའི་ཟླ་9པར་པད་མ་ཚེ་རིང་དང་བོད་ཀྱི་སློབ་མ་3000ལྷག་ཙམ་གྱིས་བོད་ཀྱི་སློབ་གསོའི་ལོ་རྒྱུས་ཐོག་གི་དུས་རབས་ལས་བརྒལ་བའི་དོན་ཆེན་ཏེ། བོད་ལྗོངས་སྤྱི་སློབ་བཙུགས་པའི་བདེན་དཔང་བྱས་པ་མ་ཟད། སློབ་གསོ་སྐུ་དྲག་ཁོ་ནས་མྱོང་ཆོག་པ་ཙམ་མིན་པར། ཞིང་བྲན་ཚོ་ལའང་སློབ་གྲྭར་སྐྱོད་ཆོག་པ་གོ་སྐབས་རག

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སྤྱི་སློབ་ཀྱི་སློབ་མ་ཁག་དང་པོ་3415ཡི་ཁྲོད་བོད་རིགས་3129ཡོད་པ་དང་། 80%ལྷག་ཙམ་ནི་ཞིང་བྲན་གྱི་ཁྱིམ་ནས་ཡིན་པས། སློབ་གྲྭ་དེ་ཉིད་མིང་དོན་མཚུངས་པའི“ཞིང་བྲན་སློབ་ཆེན”ཞིག་ཏུ་གྱུར་པ་རེད།

    སློབ་གཉེར་གྱི་འཕོ་འགྱུར་ཆེན་པོས་གངས་ལྗོངས་ས་མཐོའི་འཚོ་བ་གསར་པ་མཚོན་པ།

    བོད་ལྗོངས་སྤྱི་སློབ་1965ལོར་བོད་ལྗོངས་མི་རིགས་སློབ་གླིང་ཞེས་པར་མིང་བསྒྱུར་བ་དང་། 2015ལོར་བོད་ལྗོངས་མི་རིགས་སློབ་ཆེན་ཞེས་པར་མིང་བསྒྱུར་རྗེས་སྒྲིག་ཆས་སྣ་ཚོགས་དང་འཚོ་བའི་ཆ་རྐྱེན་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་འབྲེལ། འཐུས་སྒོ་ཚང་བའི་རིག་གཞུང་ཚན་ཁག་གི་མ་ལག་ཅིག་ཀྱང་བཏོད་ཡོད།

    ལོ་72ལ་སླེབས་པའི་འོད་ཟེར་ལྷ་མོ་ནི་1982ལོར་བོད་ལྗོངས་མི་རིགས་སློབ་ཆེན་ནས་ཐོན་པ་ཞིག་རེད། སྤྱི་ཚོགས་རྙིང་པར་ཞིང་བྲན་ལོ་12བྱས་པའི་ཁོང་ད་ཆ་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒན་ཡོལ་ཞུས་ཤིང་། ད་ཆ་ཁོང་གི་ཚ་བོ་ཟླ་བ་བཀྲ་ཤིས་བོད་ལྗོངས་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད། སྔོན་ཆད་ཀྱི་ས་ཕག་ལས་གྲུབ་པའི་ཁང་པ་དཀྱུས་མ་དང་། ཉལ་ཁང་། དཀའ་ཚེགས་ཆེ་བའི་སློབ་གཉེར་གྱི་འཚོ་བ་དག་ཁོང་གིས་ཚ་བོར་ཤོད་པའི་གཏམ་རྒྱུད་ཅིག་ལ་གྱུར་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་པ་སངས་ནི་བོད་ལྗོངས་སྤྱི་སློབ་ཀྱི་སློབ་མ་ཁག་དང་པོའི་གྲས་ཡིན་ཞིང་། ཁོང་སྔོན་མ་བོད་རྙིང་པའི་དབུལ་ཞིང་ཕོངས་པའི་ཞིང་བྲན་ཞིག་ཡིན་པ་དང་། 1959ལོར་སློབ་གཉེར་བྱེད་མཚམས་བཞག་སྟེ་བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་ལ་ཞུགས་པ་དང་། དེ་རྗེས་ཁོང་ཏང་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པར་གྱུར་ཏེ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་བ་རེད།

    བོད་ལ་ཕྱོགས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་གླེང་བ།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཡོད་པའི་འཚོ་བའི་ཟིན་ཐོ་དང་སློབ་ཁྲིད་ཟིན་ཐོའི་ཤོག་ལྷེ་རེ་རེར་སློབ་གྲྭ་ཐོག་མར་འཛུགས་སྐབས་ཀྱི་དགེ་རྒན་གྱིས་སློབ་མར་བྱམས་སྐྱོང་བྱེད་ལུགས་གསོན་ཉམས་དོད་པོས་བཀོད་ཡོད།

    ལོ་86ལ་སླེབས་པའི་དགེ་རྒན་ཆེ་མོ་བ་ཀྲང་ཡོན་ཁུན་གྱིས“སློབ་མ་མང་ཆེ་བ་ནི་སྐབས་དེ་དུས་ཡར་ལངས་བཅིངས་འགྲོལ་ཐོབ་མ་ཐག་ཡིན་པ་དང་། ཉལ་ཁྲིར་ཉལ་མྱོང་མེད་པས་དགོང་མོ་སྔར་བཞིན་ས་སྟེང་དུ་ཉལ་བའི་གོམས་གཤིས་འཇགས་ཡོད། ཁོ་ཚོ་ནང་སའི་འཚོ་བ་དང་འཕྲོད་ཆེད་དགེ་རྒན་ཚོས་སློབ་མ་དང་མཉམ་ཟ་མཉམ་འཐུང་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བྱས་པ་མ་ཟད། དགོང་མོ་སློབ་མ་ཚང་མ་གཉིད་དུ་ཡུར་རྗེས། ཁོ་ཚོས་ཉལ་ཆས་ཡག་པོ་གྱོན་ཡོད་མེད་ལྟ་བར་འགྲོ་ཡི་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཐོག་མར་སློབ་མ་མང་ཆེ་བ་ནི་རྒྱ་ཡིག་ཡིག་འབྲུ་གཅིག་ཀྱང་མི་ཤེས་ལ་བོད་ཡིག་ཀྱང་ཤེས་ཀྱི་མི་འདུག་པས། དགེ་རྒན་གྱིས་རྒྱ་ཡིག་གི་སྒྲ་སྦྱོར་ནས་འགོ་བཙུགས་ཏེ་སློབ་པ་ལས་མ་འདས་ཅེས་བརྗོད།

    ཀྲང་ཡོན་ཁུན་གྱིས“སློབ་གྲྭས་སྐབས་དེ་དུས་རང་ཉིད་ཀྱི་ཕྲུ་གུར་བྱམས་སྐྱོང་བྱེད་པ་བཞིན་བོད་ཀྱི་སློབ་མར་བྱམས་སྐྱོང་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད” རང་ཉིད་ཀྱིས་ཀྱང་ཟིན་བྲིས་དེབ་མང་དག་ཅིག་གྲ་སྒྲིག་བྱས་ཏེ། འཛིན་གྲྭ་རེ་རེའི་སློབ་མའི་གནས་ཚུལ་ཟིན་ཐོར་ཞིབ་ཚགས་བཀོད་པའི་ནང་ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་། ཁྱིམ་ཚང་གི་གནས་ཚུལ། སྤྱི་ཚོགས་ཀྱི་འབྲེལ་བ། མི་སྒེར་གྱི་ལོ་རྒྱུས་སོགས་ཚུད་ཡོད་ཅེས་བརྗོད།

    བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་གྲུབ་ཀྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བློ་ལ་བརྟན་པོར་བཅངས་ཏེ། མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་དགོས་པ། མི་སྣ་གསོ་སྐྱོང་སུའི་ཆེད་དུ་བྱེད་དགོས་པ་བཅས་ཀྱི་གཞི་རྩའི་གནད་དོན་ལ་དམ་པོར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་དོན་དངོས་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བོད་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བརྗོད།

    670402_yis_1571202741502.jpg

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཁྲོམ་བྲོ་ཚོགས་པས་ཁྲོམ་བྲོ་སྦྱོང་བཞིན་པ།

    670404_yis_1571202742202.jpg

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཟུར་ཞིག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།