[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གུང་གསེང་དགའ་གཏོང་བྱེད། བདེ་འཇཌ་བློ་ལ་ངེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གཡང་ཆེན།    |    སྤེལ་དུས།   2019-08-09

    “བདེ་འཇགས་ནི་དོན་ཆུང་ཞིག་མིན། ཚེ་སྲོག་གི་རིན་ཐང་དེ་བས་ཆེ” མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་དབྱར་ཁའི་གུང་གསེང་བཞག་ཡོད། གུང་གསེང་རིང་ཕྲུ་གུ་ཚོ་སློབ་གྲྭའི་ལྟ་འདོམས་ལས་བྲལ་བས་བདེ་འཇགས་ཀྱི་གནད་དོན་ནི་ཁྱིམ་བདག་ཚོའི་ཐུན་མོང་གི་དོ་ཁུར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ལོ་རེའི་ཟླ་7པ་དང་8པ་ནི་སློབ་གྲྭ་འབྲིང་ཆུང་དུ་བདེ་འཇགས་ཀྱི་དོན་རྐྱེན་ཐོན་མང་ཤོས་ཀྱི་དུས་སྐབས་ཤིག་ཡིན་པས། ཁྱིམ་བདག་ཚོས་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་ཀྱིས་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཕྲུ་གུ་ཚོར“ཉེན་ཟོན་ཐག་པ”ལེགས་པར་བཅིངས་དགོས། ཕྲུ་གུ་ཚོར་བརྩེ་བ་ཚད་མེད་བཅངས་པ་ལས་གནོད་འཚེ་མི་འབྱུང་བ་བྱས་ན་ལེགས། བདེ་འཇགས་ལྡན་པའི་ངང་གུང་གསེང་ཞིག་གཏོང་ཆེད་ཁྱིམ་བདག་ཚོས་ཕྲུ་གུར་གུང་གསེང་གི་འཆར་གཞི་ཞིག་བཟོ་རོགས་བྱས་ཏེ་གུང་གསེང་གི་སྦྱོང་ཚན་ལེགས་གྲུབ་ཡག་པོ་བྱེད་དགོས་ལ། སྣ་མང་ཕུན་སུམ་ཚོགས་པའི་ཕྱི་རོལ་གྱི་བྱེད་སྒོའང་སྤེལ་ནས་ཕྲུ་གུ་ཚོ་བདེ་འཇགས་དང་། སྤྲོ་སྣང་། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པ་བྱེད་དགོས།

    སྨྱུག་འཛིན་པས་སློབ་ཚན་ཚོགས་དུས་དང་གུང་གསེང་གི་སྐབས་གང་ཡིན་རུང་ཁྱིམ་བདག་ཚོས་ཕྲུ་གུར་བདེ་འཇགས་ཀྱི་སློབ་གསོ་རྒྱག་རྒྱུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཐོག་མར་ཕྲུ་གུའི་རང་ངོས་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་སྟེ་ཕྲུ་གུ་ཚོར་རང་ངོས་སྲུང་སྐྱོང་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལོ་རེའི་ཟླ་5པ་ནས་ཟླ་8པ་བར་ནི། ཆུ་རྐྱལ་རྒྱག་པ་དང་ཆུ་རྩེད་རྩེ་བའི་དབང་གིས་ཕྲུ་གུ་ཆུས་འཁྱེར་བའི་གནས་ཚུལ་ཐོན་མང་བའི་དུས་ཤིག་ཡིན། ཕྲུ་གུའི་ལྟ་སྐྱོང་བ་ཨང་དང་པོ་ཡིན་པའི་ཁྱིམ་བདག་གིས་ཕྲུ་གུར་རང་འདོད་ངང་ཆུ་རྐྱལ་མི་རྒྱག་པ་དང། བདེ་འཇགས་ཀྱི་སྒྲིག་བཀོད་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་ཁུངས་སུ་ཆུ་རྐྱལ་རྒྱག་པར་འགྲོ་མི་རུང་བའི་སློབ་གསོ་རྒྱག་དགོས། གཉིས་ནས་གུང་གསེང་རིང་། ཕྲུ་གུ་ཚོའི་ངལ་གསོའི་དུས་ཚོད་འཁྲུག་སླ་བས“མཚན་མོ་གཉིད་མི་ཉལ་བ་དང་ཞོགས་པ་མི་ལངས་བ”ནི་ཕྲུ་གུ་མང་པོའི་ཐུན་མོང་གི་གོམས་གཤིས་སུ་གྱུར་ཡོད། ལུགས་མཐུན་མིན་པའི་ངལ་གསོའི་དུས་ཚོད་དེས་ཕྲུ་གུའི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད། ཁྱིམ་བདག་ཚོས་གུང་གསེང་གི་དུས་ཚོད་རིང་ཕྲུ་གུ་ཚོར་ལུགས་མཐུན་གྱི་ངལ་གསོའི་དུས་ཚོད་རེའུ་མིག་ཅིག་བཟོས་ཏེ་ཕྲུ་གུ་ཚོ་དགོང་མོ་སྔ་ཙམ་ཉལ་རྒྱུ་དང་ཞོགས་པ་སྔ་ཙམ་ལངས་རྒྱུར་ལྟ་སྐུལ་བྱས་ནས་གུང་གསེང་གི་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    མཇུག་ཏུ་སྨྱུག་འཛིན་པས་རྒྱ་ཆེའི་ཁྱིམ་བདག་ཚོར་དྲན་སྐུལ་ཞུ་རྒྱུར། གུང་གསེང་རྫོགས་ལ་ཉེ་བའི་མཚམས་འདིར། ཁྱིམ་བདག་ཚོས་སྔོན་ཚུད་ནས་ཕྲུ་གུ་ཚོ་གུང་གསེང་གི་འཚོ་བའི་རྣམ་པ་ནས་སློབ་གྲྭར་འགྲོ་བའི་རྣམ་པར་འགྱུར་ཐབས་བྱས་ནས་གུང་གསེང་མཇུག་འགྲིལ་རྗེས་ཕྲུ་གུ་ཚོ་སེམས་ཤུགས་ཞན་པ་དང་སེམས་པ་རྩེ་གཅིག་ལ་མི་གནས་པའི་དབང་གིས་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།