[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ལྷ་སས་སློབ་ཆེན་སློབ་མ་ཁྲི་5ལྷག་ཙམ་ལ་རོགས་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་སློབ་མའི་རོགས་དངུལ་སྤྲོད་པའི་མ་ལག་འཛུགས་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་རིམ་པ་ཁག་དང་རིགས་ཁག་གི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཤིང་། 2012ལོ་ནས་ད་བར་སྒོར་དུང་ཕྱུར་2ལྷག་ཙམ་གྲབས་གསོག་བྱས་ཏེ་སློབ་ཆེན་སློབ་མ་ཁྲི་5.6ལྷག་ཙམ་ལ་རོགས་དངུལ་སྤྲད་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སློབ་མའི་རོགས་དངུལ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀེང་རོང་གིས་ངོ་སྤྲོད་བྱས་པར། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སློབ་མའི་རོགས་དངུལ་གྱི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་པས། ནོར་སྲིད་ཀྱི་གཏོང་ཆ་གཙོ་བོར་བྱས་པ་དང་། བོད་སྐྱོར་མ་དངུལ་དང་སྤྱི་ཚོགས་མ་དངུལ་ཁ་གསབ་གལ་ཆེན་དུ་བྱས་པའི་མ་དངུལ་གྲབས་གསོག་གི་ཐབས་ལམ་ཞིག་རིམ་བཞིན་ཆགས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རྒྱ་ཁྱབ་ཞུགས་པའི་སྣེ་མང་ཅན་གྱི་རོགས་དངུལ་སྤྲོད་སྟངས་ཤིག་བཟོས་པ་ལས་བྱེད་ནུས་ཐད་འབྲེལ་མཐུད་ཚགས་ཚུད་པ་དང་སྲིད་ཇུས་ཀྱི་དམིགས་ཡུལ་ཐད“རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་གང་ཐུབ”བྱེད་ཐུབ་ཡོད།

    ངོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ལོ་སྟོད་ཁོ་ནར་ལྷ་ས་གྲོང་ཁྱེར་གྱིས་2018ལོ་ནས་2019ལོ་བར་གྱི་པེ་ཅིང་དང་ལྷ་སའི“རྫོང་གཉིས་དང་ཆུས་གཉིས”ཀྱི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མའི་སློབ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱས་ཏེ་འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་བཅས་ཀྱི་སློབ་ཆེན་སློབ་མ་152ལ་རོགས་དངུལ་སྤྲད་པར་ཁྱོན་སྒོར་ཁྲི་150ཟིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་2018ལོ་ནས་2019ལོའི་བར་གྱི་སློབ་གྲྭར་འགྲོ་མུས་ཀྱི་དྭ་ཕྲུག་སློབ་ཆེན་སློབ་མའི་རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་བྱས་པར་མི་140ལ་སྒོར་ཁྲི་75.2སྤྲད་པ་རེད།

    ཀྲང་ཀེང་རོང་གིས་མ་འོངས་པར་ལྷ་སས་རང་ས་ཆའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་ཁག་གི་སློབ་མའི་སློབ་སྐྱོར་རོགས་དངུལ་སྲིད་ཇུས་ཟམ་མི་ཆད་པར་འདོན་པ་དང་སློབ་གྲྭ་འབྲིང་ཆུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་མ་ལག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་མ་ལག་གོ་ཆོད་ཅིག་ཆགས་པར་བྱས་ནས“སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་དབང་གིས་སློབ་མཚམས་ཆད་དུ་མི་འཇུག་པའི”འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།