[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྒྲོག་འགྲེལ་གྱི་ཐབས་རྩལ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་རྒྱལ་གྱི་བསམ་བློ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ་སྒྲོག་འགྲེལ་གྱི་ཐབས་ལམ་བརྒྱུད་ནས་ཏང་གི་སྐབས་དོན་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་གལ་ཆེན། ཚོགས་འདུ་ཁག་གི་དགོངས་དོན། མ་འོངས་འཆར་འགོད། བྱ་ཐབས་དོན་ཚན་སོགས་གལ་ཆེའི་ཆ་འཕྲིན་དག་སྤྱི་ཚོགས་ཀྱི་ལས་ཁུངས་ཚན་པ་དང་། སློབ་གྲྭ ཁེ་ལས་བྱ་གཞག་ཚན་པ། དགོན་སྡེ། ཤང་དང་གྲོང་རྡལ་ཁག གཞི་རིམ་མང་ཚོགས་ཀྱིས་གཙོས་པའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་གང་ཅིར་བརྒྱུད་བསྒྲགས་དང་གསལ་འགྲེལ་བྱས་ནས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་ཇུས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་སོགས་དུས་ཐོག་ཏུ་ཤེས་རྟོགས་དང་གོ་བ་ལེན་དུ་འཇུག་གི་ཡོད་པས་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་ཡོད། དེས་ན་སྒྲོག་འགྲེལ་ལེགས་པོ་ཡོང་བར་བྱེད་པ་ནི་གལ་ཆེའི་ནང་གི་གཙོ་ཆེ་ཤོས་ཤིག་ཡིན་པས་རྒྱ་ཆེའི་སྒྲོག་འགྲེལ་པ་རྣམ་པས་ནམ་ཞག་རྒྱུན་དུ་སྒྲོག་འགྲེལ་གྱི་ཐབས་རྩལ་ལ་སྣང་འཇོག་གིས་སྒྲོག་འགྲེལ་གྱི་ཕན་འབྲས་མཐོར་འདེགས་དང་སྒྲོག་འགྲེལ་པ་དང་སྒྲོག་འགྲེལ་ཉན་མཁན་དབར་གྱི་བར་ཐག་ཉེ་རུ་གཏོང་གང་ཐུབ་ཀྱིས་ཁོ་ཚོའི་ཡིད་ཀྱི་དང་ཁ་འདྲེན་ནུས་པ་ཞིག་གི་ཕྱོགས་སུ་འབད་འབུངས་བྱེད་དགོས། དེ་རིང་འདི་གར་རང་ཉིད་ཀྱིས་ཡུན་རིང་གཞི་རིམ་ལ་ཁ་ཕྱོགས་ནས་སྒྲོག་འགྲེལ་དང་སློབ་ཁྲིད་བྱས་པའི་མྱོང་ཚོར་ཅུང་ཙམ་ཞིག་ལྷན་རྒྱས་རྣམ་པ་དང་སྤེལ་རེས་ཞུ་གི་ཡིན།

    དང་པོ། སྒྲོག་འགྲེལ་གྱི་གྲ་སྒྲིག

    ཨ་རིའི་དར་མའི་སློབ་གསོ་མཁས་དབང་དང་མི་ཆོས་འབྲེལ་བའི་ཞིབ་འཇུག་མཁས་དབང་ཁ་ནས་ཅི་མཆོག་གིས་གསུངས་པར། གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་ཞིང་། སང་ཉིན་ལ་གྲ་སྒྲིག་མི་བྱེད་པའི་མི་ལ་ནམ་ཡང་མ་འོངས་ཤིག་ཡོང་མི་སྲིད། ཅེས་པ་ལྟར་བྱ་བ་ཆེ་ཆུང་ཅི་ཞིག་བསྒྲུབ་ཀྱང་ཚགས་ཚུད་པའི་གྲ་སྒྲིག་བྱེད་པ་ནི་བྱ་བ་གང་དེ་ལེགས་འགྲུབ་ཡོང་བའི་འགག་རྩ་ཡིན་པས། སྒྲོག་འགྲེལ་མ་བྱས་སྔོན་ནས་འབྲེལ་ཡོད་ཀྱི་གྲ་སྒྲིག་ལས་ཀ་འཐུས་ཚང་ཡོང་བར་བྱེད་དགོས།

    གྲ་སྒྲིག་དེའི་ནང་སྒྲོག་འགྲེལ་གྱི་ནང་དོན་དང་ཉན་མཁན་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གྱི་ནང་དོན་གཉིས་ཚུད་ཡོད་པ་སྟེ། ངེས་པར་དུ་རང་ཉིད་ཀྱིས་སྐབས་དོན་བཤད་བྱའི་ནང་དོན་དེར་རྒྱུས་མངའ་དང་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། ནང་དོན་དེ་གོ་རིམ་གང་འདྲ་ཞིག་དང་རྒྱས་བསྡུས་ཇི་འདྲ་ཞིག་གི་ཐབས་ལམ་ནས་འཆད་དང་། དུས་ཚོད་རིང་ཐུང་། རྣམ་པ་ཐབས་ཤེས་ག་འདྲ་ཞིག་ལ་བརྟེན་ནས་སྒྲོག་འགྲེལ་བྱེད་པ་སོགས་ལ་གྲ་སྒྲིག་འཐུས་ཚང་བྱེད་དགོས་ཤིང་། སྒྲོག་འགྲེལ་བྱ་ཡུལ་ལ་ཡང་རྒྱུས་མངའ་ཡོད་དགོས་པ་སྟེ་ཏང་ཡོན་ལས་བྱེད་པ་ཡིན་མིན་དང་འགོ་ཁྲིད་དཔུང་ཁག་ཡིན་མིན། སྤྱིར་བཏང་གི་ཞིང་འབྲོག་མང་ཚོགས་ཡིན་མིན་སོགས་ལ་ཆ་རྒྱུས་ཡོད་དགོས། དེ་ལྟར་བྱུང་ན་བྱ་ཡོད་སར་རྡོ་འཕེན་ཐུབ་པའི་དཔེ་བཞིན་སྒྲོག་འགྲེལ་གྱི་ནུས་པ་མངོན་གསལ་ཐོན་ཐུབ།

    གཉིས་པ། སྒྲོག་འགྲེལ་དངོས་གཞི།

    སྒྲོག་འགྲེལ་གྱི་འགོ་ལེགས་པོ་ཞིག་འཛུགས་པ་ནི་སྒྲོག་འགྲེལ་ལེགས་གྲུབ་བྱུང་མིན་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། དངངས་འཚབ་མེད་པར་འགོ་འཛུགས་ཀྱི་ནང་དོན་ཉན་མཁན་ལ་མཚམས་སྦྱོར་དང་ཁམས་བདེའི་འཚམས་འདྲི་དགོས་ངེས་ཀྱི་ཐོག་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་དང་བཤད་བྱའི་ནང་དོན་གང་ཡིན་དང་དུས་ཚོད་ཇི་ཙམ་སྤྱོད་པ་སོགས་མཚམས་སྦྱོར་ཞུས་ན་རང་བཞིན་གྱིས་རང་ཉིད་ཀྱི་དངངས་འཚབ་འཇགས་ལ་ཉན་མཁན་དང་རང་ཉིད་དབར་ཕན་ཚུན་འབྲེལ་འདྲིས་ཡོང་ཐུབ་ངེས། གླེང་སློང་བའི་གཏམ་བཤད་དེ་རིང་དྲགས་རྒྱུ་མེད་ལ་དེ་བས་ཛ་ཛོར་མང་དྲགས་རྒྱུ་མེད་པར་གང་ཐུབ་ཅི་ཐུབ་ཀྱིས་ཉན་མཁན་གྱི་སྤྲོ་བ་འཕེལ་ཐུབ་པར་བྱེད་དགོས།

    གླེང་སློང་བའི་གཏམ་བཤད་དེ་གང་ཐུབ་ཀྱིས་སྟག་གི་མགོ་དང་སེང་གེའི་གདོང་ལྟར་ཅུང་རྫིག་པོ་དང་ཟིལ་ཆེ་ཙམ་ཡོང་བར་སྣང་འཇོག་གིས་ཉན་མཁན་གྱི་དོ་སྣང་དང་ཡིད་ཀྱི་དང་བ་ཅིག་ཅར་འདྲེན་ཐུབ་པ་ཞིག་དགོས་ཁར། དངོས་གཞིའི་ནང་དོན་གྱི་ཁོག་སྦུབ་རྣམས་གླང་པོ་ཆེའི་ལྟོ་བ་ལྟར་ཤོང་ཚད་ཆེན་པོ་དགོས་ལ་ལུང་རིགས་ཀྱི་སྔ་ཕྱིའི་གོ་རིམ་ངེས་པར་དུ་འབྲེལ་ཆགས་པ་དང་གཏན་ཚིགས་ཚགས་དམ་པ། ནང་དོན་གཞི་རྒྱ་ཆེ་ཡང་ཕན་ཚུན་མ་འདྲེས་མ་འཛིངས་པར་ཁ་གསལ་གོ་བདེ་ཞིག་ཡོང་བ་ནི་སྒྲོག་འགྲེལ་གྱི་གལ་གནད་ཆེན་པོ་ཞིག་རེད།

    གསུམ་པ། ལུས་ཀྱི་ཚུགས་ཀ་དང་སྟངས་སྟབས།

    སྒྲོག་འགྲེལ་པའི་ལུས་ཀྱི་ཚུགས་ཀ་སྒམ་བརླིང་སྒྲོབ་ཉམས་ལྡན་པ་ཞིག་བྱུང་ན། སྒྲོག་འགྲེལ་གྱི་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ་པས་སྐབས་རེ་སྒྲོག་འགྲེལ་ནང་དོན་གྱི་དགོས་མཁོར་དམིགས་ཏེ། ལག་བརྡ་དང་གདོང་གི་རྣམ་འགྱུར་སོགས་མཚོན་བརྡ་འོས་འཚམ་སྟོན་ཐུབ་ན་ཉན་མཁན་ལ་བག་ཆགས་དེ་བས་གཏིང་ཟབ་པ་ཞིག་འཇོག་ཐུབ་པ་མ་ཟད་སྒྲོག་འགྲེལ་གསོན་ཉམས་དོད་པ་ཞིག་ཏུ་འགྱུར་ཐུབ།

    སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ནང་ལུས་ཀྱི་ཚུགས་ཀ་སྒམ་ཞིང་བརླིང་བ་དང་སྟངས་སྟབས་རན་ལ་འཚམ་པ་ཞིག་ཡོང་བར་བྱེད་དགོས་པ་ལས་གར་མཁན་ལྟར་འཁྲབ་འཁྱེར་མང་དྲགས་ན་མི་འཚམ་ལ། ལྷ་སྐུ་ལྟར་འགུལ་མེད་རང་སོར་གནས་ན་དེ་བས་མི་འཚམ་པས་ནང་དོན་དང་བསྟུན་པའི་དགོས་ངེས་ཀྱི་ལག་བརྡ་དང་རྣམ་འགྱུར་ཡང་མང་ཉུང་རན་ལ་མཛེས་པ་ཞིག་ཡོང་བར་བྱེད་དགོས། གཞན་ཡང་སྒྲོག་འགྲེལ་པས་འཆད་ཁྲིད་བྱེད་སྐབས་རང་ཉིད་ཀྱི་སྡོད་ས་འཆད་་སྟེགས་ཀྱི་དབུས་སུ་གནས་དགོས།

    བཞི་པ། ཆས་གོས།

    སྤྱིར་སྒྲོག་འགྲེལ་བའི་ཆས་གོས་ལ་ཟློས་གར་འཁྲབ་སྟོན་པ་ལྟར་ཆས་གོས་ཀྱིས་བརྗོད་དོན་མཚོན་པར་དམིགས་བསལ་མཛེས་རྒྱན་སྤྲོས་དགོས་གལ་དེ་ཙམ་མེད་པས། སྒྲོག་འགྲེལ་བྱེད་མཁན་གྱི་ཆས་གོས་ངེས་པར་དུ་སྤམ་པོ་དང་བབ་ཆགས་པོ་གྱོན་པ་ལས་དམིགས་བསལ་གྱིས་ཚོས་གཞི་ཧར་པོ་དང་བཟོ་ལྟ་ཡ་མ་གཟུགས་སོགས་གྱོན་ན་མི་འཚམ།

    ལྔ་པ། མཇུག་བསྡུའི་གཏམ།

    སྒྲོག་འགྲེལ་གྱི་མཇུག་བསྡུའི་གཏམ་བཤད་ངེས་པར་དུ་གཟིག་གི་མཇུག་མ་ལྟར་ཤུགས་ཆེ་ལ་མདོར་བསྡུས་པ་ཞིག་ཡོང་བར་བྱས་ནས་གོང་གི་བཤད་པའི་ནད་དོན་ལ་རྩ་བའི་ཕྱོགས་སྡོམ་དང་མ་འོངས་པའི་ལས་ཀ་དང་ཟུང་འབྲེལ་བྱེད་པར་སྐུལ་མ་གཏོང་བ། ཉན་མཁན་ལ་ངལ་དུབ་སེལ་བའི་དགོས་ངེས་ཀྱི་ཁ་བརྡ་ཡང་བྱེད་པ་སོགས་རྣམ་པར་དག་པའི་ལྷག་བསམ་དང་ཁུར་བཟོད་པའི་འགན་འཁྲིའི་འདུ་ཤེས། སྐྱོ་ངལ་མེད་པའི་ལས་ཀའི་རྣམ་འགྱུར་སོགས་ལས་སྒྲོག་འགྲེལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་ཉན་མཁན་གྱི་དགའ་བསུ་ཐོབ་པ་ཞིག་ཡོང་བར་འབད་དགོས། (ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ་མར་ལེ་སློབ་དཔྱོད་ཁང་གི་སྐལ་བཟང་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།