[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི་སྡེ་ཚན་མང་པོས་མཐོ་རྒྱུགས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    2019ལོའི་བོད་ཀྱི་མཐོ་རྒྱུགས་ཟླ་6ཚེས་7ནས་9ཉིན་བར་གཏོང་མཁན་ཡིན་ཞིང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད། རང་ལྗོངས་ཀྱི་སྡེ་ཚན་མང་པོ་ཞིག་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་མཐོ་རྒྱུགས་བདེ་བླག་ངང་གཏོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་བདེ་བླག་ངང་འབྱོར་བ་དང་མཐོ་རྒྱུགས་རིང་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྒྱུགས་སྤྲོད་ས་ཚིགས་ལྟེ་བར་བྱེད་པ་དང་མཐའ་འཁོར་གྱི་འགྲོ་ལམ་ལ་ཁྱབ་འགྱེད་བྱས་ཏེ་རྒྱུགས་སྤྲོད་ས་ཚིགས་ཀྱི་ཐོན་སྒོ་དང་འཛུལ་སྒོ དེ་བཞིན་འགྲིམ་འགྲུལ་གྱི་གནད་འགག་ཆེ་སར་ཚོད་འཛིན་ནན་པོ་བྱས་པ་མ་ཟད། རྒྱུགས་སྤྲོད་ས་ཚིགས་ཀྱི་གནས་ཚུལ་དངོས་དང་མཐའ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་གནས་ཚུལ་ལ་དམིགས་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ་འབྲེལ་བ་མེད་པའི་རླངས་འཁོར་རྒྱུགས་སྤྲོད་ས་ཚིགས་ཀྱི་མཐའ་འཁོར་དུ་གཏོང་གི་མེད། དེ་དང་ཆབས་ཅིག ལྷ་སའི་རྒྱུགས་ར་ཁག་གི་མཐའ་འཁོར་གྱི་འགྲོ་ལམ་ལ་རླངས་འཁོར་གྱིས་དུང་བརྡ་གཏོང་རྒྱུ་བཀག་འགོག་བྱ་ཆེད་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁྲིམས་ལས་འགལ་ཏེ་དུང་བརྡ་གཏོང་བའི་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཁ་ཁུ་སིམ་པའི་རྒྱུགས་སྤྲོད་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།

    རྒྱུགས་སྤྲོད་སློབ་མའམ་ཡང་ན་དེའི་ཁྱིམ་བདག་ལ་རོགས་རམ་དགོས་ཚེ། འཕྲལ་མར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱི་ཁ་པར་0891-6324629དང་6247283རྒྱག་པའམ་ཡང་ན་ཉེ་འགྲམ་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་བཙལ་ནས་རོགས་རམ་གནང་རོགས་ཞུས་ན་འགྲིག

    ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མར་ཁ་ཁུ་སིམ་པ་དང་། གོ་རིམ་ལྡན་པ། བདེ་འཇགས་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་མཁོ་འདོན་བྱ་ཆེད། ཉིན་ཤས་བསྟུན་མར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔ་སྣུར་དུ་བཀོད་སྒྲིག་ཞིབ་ཚགས་དང་བྱ་ཐབས་ནུས་ལྡན་སྣ་ཚོགས་སྤྱད་དེ་2019ལོའི་མཐོ་རྒྱུགས་ཀྱི་འགྲོ་ལམ་འགྲིལ་འགྲུལ་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མཐོ་རྒྱུགས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལས་ཀའི་ཇུས་གཞི་ཞིབ་ཚགས་བཟོས་ནས་འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་དང་། རླངས་འཁོར་གྱི་བདེ་འཇགས་ལྟ་འདོམས། ཞིབ་ཕྲའི་ཞབས་འདེགས་ཞུ་ཐབས་སོགས་ལ་རིམ་པ་བཞིན་བཀོད་སྒྲིག་བྱས་པ་མ་ཟད། འགན་འཁྲི་ཁག་བགོས་ནན་པོ་བྱས་ནས་མཐོ་རྒྱུགས་རིང་བདེ་འཇགས་དང་ཤར་གཏོང་གི་འགྲོ་ལམ་འགྲིལ་འགྲུལ་གྱི་ཁོར་ཡུག་ཅིག་ཀྱང་བཏོད་པ་དང་། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“འཕྲིན་ཕྲན”གྱི་དྲ་རྒྱའི་ལས་སྟེགས་ནས་རྒྱ་ཆེའི་མང་ཚོགས་ལ་མཐོ་རྒྱུགས་རིང་ལམ་ཐིག་བསྐོར་ནས་འགྲོ་བ་དང་བདེ་འཇགས་ལྡན་པའི་སྒོ་ནས་ཕྱིར་སྐྱོད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་དང་། རྒྱུགས་རའི་མཐའ་འཁོར་དུ་རླངས་འཁོར་གྱི་དུང་བརྡ་གཏོང་མི་ཆོག་པ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། མཐོ་རྒྱུགས་རིང་རང་ལྗོངས་ཀྱི་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ཏེ་སྨྱན་སྦྱོར་གསར་པ་དང་དྲ་རྒྱ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་དུས་ཐོག་ཏུ་སྤྱི་དམངས་ལ་མཐོ་རྒྱུགས་རིང་གནམ་གཤིས་ཞབས་ཞུའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པ་དང་། གནམ་གཤིས་འགན་ལེན་གྱི་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་རྒྱུགས་སྤྲོད་སློབ་མས་མཐོ་རྒྱུགས་ཀྱི་ཕུགས་འདུན་སྒྲུབ་པར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།