[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བླ་སྲོག་ཡོད་པའི་སློབ་གསོ་གཉེར། ཕུགས་འདུན་ལྡན་པའི་ཕྲུ་གུ་སྐྱོང་།

    —— དཔལ་མགོན་རྫོང་གི་ཚོགས་པ་ཅན་གྱི་སློབ་གཉེར་སྐུལ་གཏོང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་བཏང་བའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གིས་སློབ་གཉེར་གཅིག་སྡུད་འོས་འཚམ་བྱས་པའི་རྨང་གཞིའི་ཐོག་ཚོགས་པ་ཅན་གྱི་སློབ་གཉེར་ལམ་བུར་བསྐྱོད་པ་སྟེ། དཔལ་མགོན་རྫོང་ཆ་ཚང་སློབ་ཆུང་ཉིད་སྤྱི་ཁྱབ་སློབ་གྲྭ་ཡིན་པའི་དཔལ་མགོན་རྫོང་སློབ་ཆུང་སློབ་གསོ་ཚོགས་པ་དང་པོ་དང་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ཉིད་སྤྱི་ཁྱབ་སློབ་གྲྭ་ཡིན་པའི་དཔལ་མགོན་རྫོང་སློབ་ཆུང་སློབ་གསོ་ཚོགས་པ་གཉིས་པ་བསྐྲུན་པ་རེད། ལོ་གཉིས་ལྷག་གི་རིང་། བྱེད་ཐབས་དེས་རྫོང་ཁོངས་སུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་ཁྱོན་ཆེ་རུ་བཏང་བ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། རྫོང་ཡོངས་ཀྱི་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། འབྲོག་ཁུལ་གྱི་སློབ་གསོ་སྒྱུར་བཅོས་ཀྱི་གོ་ཆོད་པའི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་པ་བཅས་རེད།

    2012ལོའི་ཟླ་3པར། དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་བཙུགས་རྗེས་རྫོང་དེ་ཡོངས་ཀྱིས་སློབ་གཉེར་སྒྱུར་བཅོས་གཅིག་སྡུད་འོས་འཚམ་བྱས་ཤིང་། བལ་ལ་གྲོང་རྡལ་དང་ཕྱིང་ལུང་ཤང་ཕུད་པའི་དེ་བྱིངས་ཀྱི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་ཚང་མའི་ལོ་རིམ་བཞི་པ་ནས་དྲུག་པའི་སློབ་མ་རྣམས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་དང་རྫོང་ཆ་ཚང་སློབ་ཆུང་དུ་ཁག་བགོས་གཅིག་སྡུད་བྱས་པ་དང་། “ཤང་དང་གྲོང་རྡལ་གྱི་དམའ་རིམ་སློབ་འབྲིང་དང་སློབ་ཆུང་7དང་ཤང་དང་གྲོང་རྡལ་གྱི་ཆ་ཚང་སློབ་ཆུང་2དང་དེ་བཞིན་རྫོང་ཐད་གཏོགས་སློབ་ཆུང་2”ཟུང་དུ་འབྲེལ་བའི་སློབ་གྲྭ་ཁྱབ་པའི་རྣམ་པ་ཆགས་པ་རེད།

    2015ལོར། དཔལ་མགོན་རྫོང་གི་སློབ་གསོར་དོ་དམ་བྱེད་མཁན་རྫོང་དཔོན་གཞོན་པ་ཕུན་ཚོགས་དར་རྒྱས་དང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཟླ་བ་གྲོད་ལོད་ཀྱིས་དཔལ་མགོན་རྫོང་དུ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱ་ཆེད། འབྲེལ་ཡོད་སྡེ་ཚན་གྱི་མི་སྣའི་སྣེ་ཁྲིད་ནས་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་བརྟག་ཞིབ་ཟབ་མོ་བྱས་པ་རེད། དེའི་རིང་སློབ་གཉེར་གཅིག་སྡུད་འོས་འཚམ་བྱས་རྗེས་ཤང་དང་གྲོང་རྡལ་ཁག་གི་དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་སློབ་ཁྲིད་སྤུས་ཚད་དང་རྫོང་ཐད་གཏོགས་སློབ་ཆུང་དབར་ཧེ་བག་མི་ཉུང་བ་གནས་པ་མ་ཟད། རྨང་གཞི་བལྟོས་བཅས་ཀྱིས་ཞན་པའི་ཤང་དང་གྲོང་རྡལ་གྱི་དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་སློབ་མ་རྣམས་རྫོང་ཐད་གཏོགས་སློབ་ཆུང་དུ་ཞུགས་རྗེས། ཕལ་ཆེ་བའི་སྦྱངས་འབྲས་ཅུང་ཞན་ཁར་དུས་ཐུང་ནང་ཡར་རྒྱས་ཡོང་ཁག་པོ་ཡོད་ཚུལ་ཤེས་རྟོགས་བྱུང་བ་རེད།

    ཕྱོགས་མང་པོ་ནས་རྟོག་ཞིབ་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་བརྒྱུད། རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་འོག 2016ལོའི་ཟླ་7ཚེས་5ཉིན་དཔལ་མགོན་རྫོང་ཆ་ཚང་སློབ་ཆུང་ཉིད་སྤྱི་ཁྱབ་སློབ་གྲྭ་ཡིན་པའི་དཔལ་མགོན་རྫོང་སློབ་ཆུང་སློབ་གསོ་ཚོགས་པ་དང་པོ་དང་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ཉིད་སྤྱི་ཁྱབ་སློབ་གྲྭ་ཡིན་པའི་དཔལ་མགོན་རྫོང་སློབ་ཆུང་སློབ་གསོ་ཚོགས་པ་གཉིས་པ་དངོས་སུ་བཙུགས་ནས་གཉེར་ཞིང་། དེ་ཐོག་ནས་དཔལ་མགོན་རྫོང་གི་ཚོགས་པ་ཅན་གྱི་སློབ་གཉེར་བྱེད་སྟངས་གསར་པ་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད།

    ཚོགས་པ་ཅན་གྱི་སློབ་གཉེར་ཁྲོད། སློབ་གསོ་ཚོགས་པ་གཉིས་ཀྱིས་སློབ་ཁྲིད་དང་། མི་དོན། ནོར་སྲིད། དེ་བཞིན་རྩ་འཛུགས་བཅས་ལས་དོན་ཁག་བཞིར་དམ་པོར་གཞིགས་ཏེ་སྒྱུར་བཅོས་བྱས་ཡོད་པ་དང་། དེའི་ནང་ནས་དགེ་རྒན་དཔུང་ཁག་གཞི་གཅིག་ཅན་གྱིས་དགེ་རྒན“སློབ་གྲྭའི་ནང་གི་ཚང་མ་ཡིན་པའི”རྣམ་པ་མེད་པར་བཟོས་ཡོད། ཚོགས་པའི་ནང་གི་ཡན་ལག་སློབ་གྲྭ་ཁག་ནས་ལོ་ལྟར་སྤེལ་རེས་ལ་ཞུགས་པའི་དགེ་རྒན་1ལས་མི་ཉུང་བ་དང་། སྤེལ་རེས་ལ་ཞུགས་པའི་སྤྱི་ཁྱབ་སློབ་གྲྭའི་མི་འབོར་དེ་ཡན་ལག་སློབ་གྲྭ་ཁག་ལས་མི་ཉུང་བ། སྤེལ་རེས་ཀྱི་དུས་ཡུན་ལོ་3ཡིན་པ་རེད། སྤྱི་ཁྱབ་སློབ་གྲྭའི་དགེ་རྒན་གྱིས་སློབ་ཚན་ཁྲིད་པའི་འཛིན་གྲྭ་ལོ་རིམ་དྲུག་པ་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱིས་ཡན་ལག་སློབ་གྲྭ་ཁག་བར་སྤེལ་རེས་བྱེད་པ་མ་ཟད་ལོ་རིམ་དང་པོ་ནས་གསུམ་པའི་བར་དགེ་རྒན་ཡང་བྱེད་ཀྱི་ཡོད། ལོ་རིམ་གསུམ་པའི་སློབ་ཁྲིད་མཇུག་འགྲིལ་རྗེས་སྤྱི་ཁྱབ་སློབ་གྲྭར་ལོག་ནས་མུ་མཐུད་ལོ་རིམ་བཞི་པའི་དགེ་རྒན་བྱེད་པ་དང་། དེ་ལྟར་བསྐྱར་འཁོར་གྱིས་སློབ་གྲྭ་ཁག་གི་རྐང་འཛིན་དགེ་རྒན་གྱི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱེད་ཅིང་། ཚོགས་པའི་ནང་གི་རྐང་འཛིན་དགེ་རྒན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

    2016ལོར་འགོ་བཙུགས་པའི་ཚོགས་པ་ཅན་གྱི་སློབ་གཉེར་ལ་ཕན་འབྲས་རགས་ཙམ་ཐོབ་ཡོད་པ་སྟེ། 2017ལོར་དཔལ་མགོན་རྫོང་སློབ་ཆུང་གི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུ་རྒྱུགས་སྤྲོད་ཀྱི་ཡིག་ཚད་ལོན་པ་མི་13བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། དཔལ་མགོན་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཟླ་བ་གྲོད་ལོད་ཀྱིས། ལོ་གསུམ་རེ་དུས་ཡུན་གཅིག་ཡིན་པ་དང་། སང་ལོ་ནི་ཚོགས་པ་ཅན་གྱི་སློབ་གཉེར་ལ་ཕན་འབྲས་དངོས་འབྲེལ་ཐོན་རྒྱུའི་ལོ་ཞིག་ཡིན་པས། འབྲས་བུ་ཡག་པོ་ཐོབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།