[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་བོད་སྐྱོར་ཚོགས་པ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། འཆར་འགོད་ལ་དམ་འཛིན་དང་། ལམ་ལུགས་ལག་བསྟར་ཤུགས་ཆེན། དོ་དམ་ལ་སྣང་ཆེན། ཐབས་མང་མཉམ་སྤྱོད་བཅས་བྱས་པར་ཕན་འབྲས་དངོས་ཐོན་ལ་ལོ་གཉིས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    སློབ་ཁྲིད་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། ཀོང་ཏུང་ཞིང་ཆེན་སློབ་གསོ་བོད་སྐྱོར་ཚོགས་པས་རོགས་སྐྲུན་བྱས་པའི་བྲག་ཡིབ་ཆུས་སློབ་འབྲིང་གི་2017ལོའི་འབྲིང་རྒྱུགས་ཀྱི་སྤྱིའི་ཆ་སྙོམས་སྐར་གྲངས་ལོ་གོང་མ་དང་བསྡུར་ན་སྐར་གྲངས་57.7གྱིས་མཐོ་བ་དང་2018ལོའི་འབྲིང་རྒྱུགས་ལ་གྲོང་ཁྱེར་ཡོངས་ཀྱི་བོད་ཡིག་འཛིན་གྲྭའི་ཨང་དང་པོ་ཐོབ་ནས་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་མ་36རྒྱུགས་འཕྲོད་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སློབ་གསོ་པུའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པས་སྐྲུན་རོགས་བྱས་པའི་བརྒྱད་གཅིག་སློབ་འབྲིང་གིས་2018ལོའི་འབྲིང་རྒྱུགས་ལ་སྦྱངས་འབྲས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཅིང་། སྤྱིའི་སྐར་གྲངས་500ཡན་ཟིན་མཁན་སློབ་མ་89ཡོད་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ། ཉིང་ཁྲིའི་མཐོ་འབྲིང་གཉིས་པའི་2018ལོའི་མཐོ་རྒྱུགས་སློབ་འཕར་བྱུང་ཚད་2016ལོའི་63.7%ནས་འདི་ལོའི་94.7%བར་མཐོ་རུ་སོང་ཡོད།

    བོད་སྐྱོར་ཤེས་ལྡན་པ་གཏོང་ཤུགས་ཆེ་རུ་སོང་བ། ལོ་གཉིས་རིང་ཀོང་ཏུང་ཞིང་ཆེན་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཁོངས་གཏོགས་སློབ་འབྲིང་གིས་བོད་སྐྱོར་དགེ་རྒན་ཁྱོན་201(དེའི་ནང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་129དང་། “དགེ་རྒན་ཁྲིའི་བོད་སྐྱོར་འཆར་གཞིའི”དགེ་རྒན་20 ཀོང་ཏུང་ཞིང་ཆེན་གྱི་ནང་སའི་བོད་ལྗོངས་འཛིན་གྲྭའི་དགེ་རྒན་52བཅས་ཚུད་པ)མངགས་ཏེ་ས་ཆ་དེ་གའི་དགེ་རྒན་དང་ཆ་སྒྲིག་རོགས་སྐྱོར་67བྱས་པས། དགེ་རྒན་གྱི་དཔུང་ཁག་ལ་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་མ་ཐེབས་ལ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཡང་ཐེབས་ཡོད།

    གསོ་སྦྱོང་དང་སློབ་སྦྱོང་གི་གྲུབ་འབྲས་མངོན་གསལ་དོད་པ། ཉིང་ཁྲི་གྲོང་ཁྱེར་གྱིས་ས་གནས་དེ་གའི་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་མཐོང་ཆེན་བྱས་ཏེ་ནམ་ཡང་གནས་པའི་དགེ་རྒན་གྱི་དཔུང་ཁག་ཅིག་བཏོད་ཅིང་། གཅིག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གསོ་དོ་དམ་པ་དང་རྐང་འཛིན་དགེ་རྒན་60ཀོང་ཏུང་ཞིང་ཆེན་དུ་ལས་གནས་རྗེས་སྙེག་གསོ་སྦྱོང་ལོ་གཅིག་བྱེད་པར་བསྐྱོད་པ་དང་། གཉིས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་ཁག་བརྒྱད་ལ་ཁྱོན་མི་ཐེངས་56སྒྲིག་འཛུགས་བྱས་ཏེ་ཀོང་པོ་རྒྱ་མདའ་རྫོང་དང་། སྨན་གླིང་རྫོང་། སྤོ་བོ་རྫོང་སོགས་སུ་སློབ་ཁྲིད་གཤམ་སྐྱོད་ཀྱི་བྱེད་སྒོ་སྤེལ་བར་བསྐྱོད་པ། གསུམ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དགེ་རྒན་གསོ་སྦྱོང་གི་ལས་དོན་ཀོང་ཏུང་ཞིང་ཆེན་གྱི་དགེ་རྒན་གྱི“དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བའི་འདུ་འགོད”ཀྱི་གསོ་སྦྱོང་རྣམ་གྲངས་ནང་བཅུག་སྟེ། ལོ་ལྟར་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་རྐང་འཛིན་དགེ་རྒན་30ནས་40བར་གསོ་སྦྱོང་བྱས་པ། བཞི་ནས“ཀོང་བོད་སེམས་མཐུན་གྱི་བྱིས་པའི་སློབ་གསོའི་གསོ་སྦྱོང་འདུ་འགོད”དུས་ཐེངས་14གཉེར་ནས་ལྗོངས་ཡོངས་ཀྱི་བུ་བཅོལ་དགེ་རྒན་ཁྱོན་1500གསོ་སྦྱོང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།