[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་གསོ་པུས་སློབ་མའི་ཁྱིམ་སྦྱོང་དེ་ཁྱིམ་བདག་གི་སྦྱོང་ཚན་དུ་མི་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-18

     ཉིན་ཤས་གོང་། སློབ་གསོ་པུས་2018ལོའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་མའི་དབྱར་གསེང་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བརྡ་ཐོ་བཀྲམ་པའི་ནང་དུ། བྱེད་སྒོའི་རང་བཞིན་དང་། ལག་ལེན་རང་བཞིན། རྩད་གཅོད་ཞིབ་དཔྱད་རང་བཞིན་བཅས་ཀྱི་དབྱར་གསེང་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་ལས་ཁྱིམ་བདག་གིས་སྒྲུབ་པའམ་ཡང་ན་ཁྱིམ་བདག་གིས་རོགས་པ་བྱེད་དགོས་པའི་སྦྱོང་ཚན་བཀོད་སྒྲིག་བྱ་རྒྱུ་གཏན་འགོག་བྱས་ཏེ། སློབ་མའི་ཁྱིམ་སྦྱོང་དེ་ཁྱིམ་བདག་གི་སྦྱོང་ཚན་དུ་མི་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    བརྡ་ཐོའི་ནང་། སློབ་སྦྱོང་གི་ཁུར་པོ་ལུགས་མཐུན་ངང་ཚོད་འཛིན་བྱེད་དགོས་པ་སྟེ། སློབ་གྲྭ་ཁག་གིས་རིན་དོད་ཡོད་པའི་གསབ་ཁྲིད་གཏན་འགོག་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཐོག་གུང་གསེང་གི་དུས་ཚོད་སྤྱད་དེ་སློབ་འབྲིང་གི་ལོ་རིམ་མཐོ་བའི་སློབ་སྦྱོང་ཡག་པོ་མེད་པའི་སློབ་མ་དག་ལ་ཟུར་ཁྲིད་རོགས་རམ་བྱེད་ཆོག ཡིན་ན་ཡང་སྤྱིའི་གསབ་ཁྲིད་དུས་ཚོད་ལུགས་མཐུན་ངང་ཚོད་འཛིན་བྱེད་དགོས། ཁྱིམ་བདག་ཚོར་གསབ་ཁྲིད་འཛིན་གྲྭ་དང་མཐོར་འདེགས་འཛིན་གྲྭ་སྣ་ཚོགས་ལ་མིང་ཐོ་ཅི་དགར་མི་འགོད་རྒྱུའི་ཁྲིད་སྟོན་བྱེད་དགོས། ས་ཁུལ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭས་སྒྲིག་འགལ་ངང་གསབ་ཁྲིད་བྱེད་པའི་སྣང་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཐོག་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གུང་གསེང་རིང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཁག་གི་སློབ་གཉེར་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་འགལ་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་། སློབ་མའི་བདེ་འཇགས་ལས་འཛོལ་ཐོན་མང་བ་དང་ཐོན་སླ་བའི་ཁྱབ་ཁོངས་ལ་དམིགས་ནས། ཆུར་ལྷུང་བ་དང་། ཟས་དུག་ཕོག་པ། བརྙས་བཅོས་ཕོག་པ། གློག་འཁྱུག་པ། འགྲིམ་འགྲུལ་ལས་འཛོལ་ཐོན་པ། རང་བྱུང་གནོད་འཚེ་ཐོན་པ་སོགས་སྔོན་འགོག་བྱེད་པའི་ཐད་ཀྱི་སློབ་གསོ་གཙོ་གནད་ཐོག་གཏོང་དགོས། “དཔའ་བོར་གོང་བཀུར་ཞུས་ནས། བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་དང“གསུང་རབ་ཀློག་པ”ཞེས་པའི་ལྟ་ཀློག་ལག་ལེན་བྱེད་སྒོ་སྤེལ་བའི་ཁར་ལུས་རྩལ་དང་། ཚན་རྩལ། རིག་གནས་སྒྱུ་རྩལ་བཅས་ཀྱི་སློབ་གསོ་བྱེད་སྒོར་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་ཡང་བྱེད་དགོས། བྱིས་པ་ཚོར་ཡ་རབས་ངང་དྲ་བར་འཇུག་རྒྱུའི་ཁྲིད་སྟོན་བྱས་པའི་ཁར་གློག་ཀླད་དང་ཁ་པར་སྤྱོད་ཡུན་ཚོད་འཛིན་བྱས་ནས། བྱིས་པ་ཚོ་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཞུགས་པ་དང་ཚུལ་མིན་འཛད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་བཀག་འགོག་ཡོ་བསྲང་བྱེད་དགོས། སློབ་མ་ཚོར་དབྱར་གསེང་རིང་འོས་འཚམ་གྱི་ཞིང་ལས་ཐོན་སྐྱེད་དང་། བཟོ་ལས་དངོས་སྦྱོང་། ཚོང་ལས་དང་ཞབས་ཞུ་ལས་རིགས་ཀྱི་སྤྱི་ཕན་ངལ་རྩོལ། དང་བླངས་ཞབས་ཞུ་སོགས་ཀྱི་མྱོང་རོལ་བྱེད་སྒོའི་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་མ་ཟད་ད་དུང་ཕོར་པ་དང་གྱོན་ཆས་འཁྲུད་པ་དང་ཁང་པར་གད་རྒྱག་པ་སོགས་ནུས་པས་ལྕོགས་ཚད་ཀྱི་ཁྱིམ་ལས་བཀོད་སྒྲིག་ཀྱང་བྱེད་དགོས། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཚོར་གུང་གསེང་རིང་གི་ལྟ་སྐྱོང་དང་། སློབ་ཚན་རྗེས་ཀྱི་ཟུར་ཁྲིད། སེམས་གསོ་སོགས་ཀྱི་གཅེས་སེམས་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ལྷག་པར་དུ་ལྟ་སྐྱོང་བྱེད་མཁན་མེད་པའི་གཞིས་ལུས་བྱིས་པར་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུར་ལྷུང་བའི་དོན་རྐྱེན་དང་འགྲིམ་འགྲུལ་ལས་འཛོལ་ཐོན་མང་བའི་ས་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཞིས་ལུས་བྱིས་པའི་དབྱར་གསེང་རིང་གི་མི་ལུས་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།