[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པ།

    —— ཉིང་ཁྲིས་སློབ་གསོའི་བྱ་གཞག་ཐད“100%ལྔ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-18

    ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་སྔོན་དུ་འཇོག་དགོས། 2016ལོའི་ཟླ་11པར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག“100%ལྔ”མངོན་འགྱུར་བྱེད་པའི་སློབ་གསོའི་ལས་ཀའི་དམིགས་ཚད་བཏོན་པ་སྟེ། སློབ་གྲྭ་འབྲིང་ཆུང་དུ་སྐད་གཉིས་སློབ་གསོ་ཁྱབ་ཚད་དང་། སློབ་ཆུང་དུ་རྩིས་རིག་སློབ་ཚན་ཚོགས་ཚད། སློབ་འབྲིང་དུ་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཁྲིད་འཆར་གཞི་ལེགས་གྲུབ་བྱེད་ཚད། སློབ་འབྲིང་དུ་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཚན་ཚོགས་ཚད། ལག་རིགས་ལག་རྩལ་སློབ་གྲྭར་རྒྱལ་ཁབ་ཀྱི་དཀར་ཆག་ཏུ་གཏན་འཁེལ་བྱས་པའི་སློབ་ཚན་ཚོགས་ཚད་བཅས་ཚང་མ་100%ལོན་དགོས་པ་བཏོན་ཏེ་དུས་བབ་གསར་པའི་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཐད་ཁ་ཕྱོགས་གསལ་པོར་བསྟན་པ་རེད། དམིགས་ཚད་དེ་མངོན་འགྱུར་བྱ་ཆེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་གསོའི་ལས་དོན་དེ་གནས་བབ་གལ་ཆེན་དུ་བཞག་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གསོའི་ལས་དོན་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ནུས་ཤུགས་ཡོད་རྒུས་འཕེལ་བ་བྱས་ནས། ཉིང་ཁྲིའི་སློབ་གསོ་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་ལ། མང་ཚོགས་ཀྱིས་སྤུས་ལེགས་སློབ་གསོར་བཅངས་པའི་རེ་འདུན་རྒྱུན་མཐུད་ངང་སྐོང་བའི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད།

    སྐད་གཉིས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྱབ་གདལ་གྱི་ཆུ་ཚད་མཐོ་རུ་བཏང་བ།

    སློབ་མ་ཚོས་རྒྱལ་ཁབ་ཀྱི་ཀུན་འཕྲོད་སྐད་ཡིག་ཤོད་ཐུབ་པ་དང་། ཀློག་ཐུབ་པ། སྒྲ་གདངས་དག་པ་བཅས་ཡོང་ཆེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་དུས་མཚམས་ཁག་གི་སློབ་གསོའི་ཁྲོད་སྐད་གཉིས་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་འབྲེལ་དུས་མཚམས་ཁག་གི་སྐད་གཉིས་སློབ་གསོ་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། ལག་བསྟར་བྱེད་རིང་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོར་གཙོ་གནད་ཐོག་དམ་འཛིན་བྱས་ཁར། བོད་རིགས་དང་རྒྱ་རིགས་དགེ་རྒན་ལུགས་མཐུན་ངང་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་སློབ་གསོ་དེ་སྐད་གཉིས་ཁ་སྐད་ཀྱི་སྦྱོང་བརྡར་གཙོ་བོར་བྱས་པ་དང་འབྲེལ“ཉན་བརྗོད”དང་། “ལག་བརྡ” “རི་མོར་བལྟས་ནས་སྐད་ཆ་ཤོད་པ” “ཚུར་སྣང་གི་སྦྱོང་བརྡར” “བསམ་བློའི་སྦྱོང་བརྡར”སོགས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་ཐབས་ལ་བརྟེན་ནས། སྐད་གཉིས་སློབ་སྦྱོང་དེ་རོལ་རྩེད་དང་བྱེད་སྒོ་ཁག་ནང་མཉམ་བསྲེས་ཐུབ་པར་བྱས་ཏེ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བྱིས་པར་རྒྱ་སྐད་སྦྱོང་དུ་འཇུག་གི་ཡོད།

    སློབ་ཚན་བཀོད་སྒྲིག་ཚད་ལྡན་བྱས་ཤིང་ཚན་རིག་དང་མཐུན་པར་སློབ་དེབ་བདམས་པ།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སློབ་ཚན་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་གཏན་འཁེལ་བྱས་པའི་སློབ་ཚན་ཡག་པོ་ཁྲིད་པ་དང་། དུས་མཚུངས་སུ་སློབ་སྦྱོང་བྱེད་པའི་དུས་མཚམས་མི་འདྲ་བར་དམིགས་ནས་སྤུས་ལེགས་ཁྱད་ལྡན་གྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སོགས་སློབ་གྲྭ་དང་སློབ་ཁང་དུ་ཁྱབ་གདལ་བཏང་ནས་སློབ་མར་གོམས་གཤིས་བཟང་པོ་འཇགས་སུ་བཅུག་པ་དང་། སློབ་མའི་གསར་གཏོད་ནུས་པ་དང་སྤྱི་ཚོགས་ཀྱི་ལག་ལེན་ནུས་པ་ཆེ་རུ་བཏང་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་རྨང་གཞིའི་སློབ་གསོ་ཁོའོ་ཡི་ལས་དོན་པས་ངོ་སྤྲོད་བྱས་པར། སློབ་གྲྭས་བོད་ཡིག་སློབ་ཚན་ཕུད་སློབ་དེབ་གཞན་དག་ཚང་མ་རྒྱ་ཡིག་སྤྱད་ནས་གྲངས་ཉུང་མི་རིགས་སློབ་མར་རྒྱ་ཡིག་མང་ཙམ་སྦྱོང་དུ་བཅུག་ནས་རྒྱ་ཡིག་གི་རྨང་གཞི་ལེགས་སུ་གཏོང་བ་དང་། སློབ་དེབ་འདེམས་སྤྱོད་འཚམ་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སློབ་དེབ་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་སློབ་གྲྭ་ཁག་ལ་སློབ་གྲྭའི་གནས་ཚུལ་གཞིར་བཟུང་སློབ་གྲྭ་དེ་གའི་སློབ་དེབ་འདོན་རྒྱུའི་ལྕག་སྐུལ་བྱས་པ་མ་ཟད། ཕུལ་བྱུང་མི་རིགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དེབ་ནང་བཅུག་སྟེ་སློབ་དེབ་འདེམས་སྤྱོད་ཀྱི་སྣ་མང་རང་བཞིན་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོད་ལྟའི་སློབ་ཁྲིད་ལ་སྣང་ཆེན་བྱས་ནས་འཚོལ་ཞིབ་ནུས་པ་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཚོད་ལྟའི་སློབ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས《སློབ་གྲྭ་འབྲིང་ཆུང་གི་ཚོད་ལྟའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་ཇུས་གཞི》བཏོན་པ་དང་། སློབ་ཆུང་གི་ཚན་རིག་དང་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཚོད་ལྟ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་མང་གཉེར་བ་དང་། “100%ལྔ”དོན་འཁྱོལ་བྱེད་པའི་ཆེད་དོན་སློབ་ཚན་8གཏན་འཁེལ་བྱས་པ། ཚོད་ལྟའི་སློབ་དེབ་རབ་དང་རིམ་པ་རྩོམ་འབྲི་བྱས་པ། སྨན་རྫས་གསོག་ཉར་དང་། ཡོ་ཆས་བཀོད་སྒྲིག སྨན་རྫས་རྙིང་པ་ཚུར་བསྡུ་ཐག་གཅོད་སོགས་ནུས་པ་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་ཚོད་ལྟའི་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དང་། དུས་མཚུངས་ཆ་འཕྲིན་ཅན་དང་ཚོད་ལྟའི་སློབ་ཁྲིད་མཉམ་འདྲེས་བྱེད་ཚད་ཆེ་རུ་བཏང་ནས“དྲ་བ་གཅིག་དང་། ལྟེ་གནས་གཅིག ལས་སྟེགས་གསུམ”ལ་བརྟེན་ནས་འདྲ་བཟོའི་ཚོད་ལྟ་ཁང་བཟོས་པ་དང་སློབ་ཆུང་གི་ཚན་རིག་དང་སློབ་འབྲིང་གི་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཚོད་ལྟའི་སྒྲིག་ཆས་དང་། དེ་བཞིན་གྲངས་འཛིན་ཚོད་ལྟ་ཁང་གི་མཉེན་ཆས་ཆ་ཚང་18གསར་སྣོན་བྱས་པ་དང་འབྲེལ། དགེ་རྒན་ཚན་རྩལ་ལག་ལེན་འགྲན་བསྡུར་ཆེ་མོ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚོད་ལྟའི་སློབ་ཁྲིད་བྱེད་སྒོའི་ནང་ཞུགས་རྒྱུའི་ལྕག་སྐུལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚོད་ལྟའི་སློབ་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།