[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཕུགས་འདུན་ལམ་བུ་ཤར་གཏོང་བྱུང་། དམངས་འཚོའི་རྩ་བ་བརྟན་དུ་ཕྱིན།

    བོད་ཀྱི་2017ལོའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-25

    2017·བོད་ཀྱི་ལས་ཞུགས།

    མཐོ་སློབ་སློབ་ཐོན་སློབ་མ་16348ལས་ཞུགས་ཐུབ་ནས་ལས་ཞུགས་མེད་པའི་ཁྱིམ་ཚང་མི་ལྷག་པ་བྱས་པ།

    གཞུང་ལས་པའི་ལས་གནས་ལ་ལས་ཞུགས་ཀྱིས་37.46%བཟུང་བ་དང་།

    ཁྲོམ་རའི་ལས་ཞུགས་ཀྱིས་55.87%བཟུང་བ།

    རང་བརྟེན་ལས་གཏོད་ཀྱིས་4.97%བཟུང་ཡོད།

    གཞན་དག

    ཞིང་འབྲོག་པའི་ཁ་གསབ་གསོ་སྦྱོང་མ་དངུལ་སྒོར་ཁྲི་9923.3བཏང་བ་དང་།

    མི་འབོར་དབུལ་པོ་ཁྲི་4.97ལ་གསོ་སྦྱོང་བྱས་པ།

    ལོ་ཧྲིལ་པོར་མི་འབོར་དབུལ་པོ་ཁྲི་4.62ལས་ཞུགས་གཞན་སྒྱུར་དང་དབུལ་སྒྲོལ་ཐུབ་པ།

    སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་2.7བཀོད་སྒྲིག་བྱས་ཡོད།

    2017ལོར་ཐེམ་ཁུངས་བོད་ནས་ཡིན་པའི་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་མཁན་ཁྱོན་16348ཡོད་པའི་ཁྲོད་གཞུང་ལས་པའི་ལས་གནས་ལ་ལས་ཞུགས་བྱེད་མཁན་6125དང་། ཁྲོམ་རར་ལས་ཞུགས་བྱེད་མཁན་9134 རང་བརྟེན་ལས་གཏོད་བྱེད་མཁན་279བཅས་ཡོད། ལས་ཞུགས་བོད་སྐྱོར་ཐད་ལྗོངས་ཕྱི་ནང་གི་ཁེ་ལས་སྣ་ཚོགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་3ལྷག་ཙམ་མཁོ་འདོན་བྱས་པའི་ནང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་16དང་ཀྲུང་དབྱང་གི་ཁེ་ལས་5བཅས་ཀྱིས་ལས་ཞུགས་ལས་གནས་ཁྲི་1.1ལྷག་ཙམ་མཁོ་འདོན་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་163བསྡུས་པས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དུས་བབ་བརྟན་པོའི་ངང་བར་བརྒལ་ཐུབ་ཡོད།

    2017ལོ་ཚུན། རིམ་ཁག་མི་སྤྱི་སྡེ་ཚན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས“ལས་ཞུགས་ཨང་དང་པོའི”རྩ་དོན་མཐའ་འཁྱོངས་བྱེད་པ་དང་། བྱ་ཐབས་སྣ་མང་མཉམ་དུ་སྤྱོད་པ། ཕྱོགས་བསྡུས་ངང་ཇུས་འདོན་པ། སེམས་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐོ་སློབ་སློབ་ཐོན་སློབ་མ་གཙོ་གནད་དུ་བྱེད་པའི་ཚོགས་པ་སྣ་ཚོཌ་ལས་ཞུཌ་ཐུབ་པའི་ལས་དོན་ཡག་པོ་བསྒྲུབས་ཡོད།

    ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་འགའ་ཞིག》དང་། 《མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ལས་ཞུགས་སྐུལ་འདེད་འཆར་འགོད་ཀྱི་ལག་བསྟར་བསམ་འཆར》སོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད།

    དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། མི་འབོར་དབུལ་པོའི་གསོ་སྦྱོང་ལས་དོན་གཏིང་ཟབ་སྤེལ་ཏེ་ལས་ཞུགས་རོགས་སྐྱོར་ཟླ་བ་དང་ལས་ཞུགས་རོགས་སྐྱོར་སོགས་བྱེད་སྒོ་སྤེལ་བ་བརྒྱུད་སྡེ་ཁུལ་དུ་སྲིད་ཇུས་དྲིལ་བསྒྲགས་དང་། ལས་གནས་མཁོ་འདོན། གསོ་སྦྱོང་བྱེད་པ་བཅས་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཕན་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་བཀོད་སྒྲིག་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཡོད།

    གསར་གཏོད་ལས་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ལས་གཏོད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་ནས་ལས་གཏོད་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཏེ་ལས་ཞུགས་རྣམ་གྲངས་8ལ་མིང་རྟགས་བཀོད་ནས་སྒོར་དུང་ཕྱུར་1.58ཟིན་པའི་མ་འཇོག་འདོད་མོས་ཀྱི་གྲོས་མཐུན་བཞག་པ་རེད། SYBཡི་ལས་གཏོད་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་ནས་2017ལོར་ལས་གཏོད་སློབ་མ་3471ལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བརྒྱུད་མི་950ལས་གཏོད་ལེགས་གྲུབ་བྱུང་བ་དང་ལས་གཏོད་ཀྱིས་ལས་ཞུགས་བྱེད་མཁན་1944ལ་སྐུལ་ཁྲིད་བྱས་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྦྱོང་རྟེན་གཞི་བཙུགས་ནས་ཁག་དང་པོའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་35བཅའ་སྡོད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ལྗོངས་ཡོངས་སུ་ལས་ཞུགས་བྱེད་མཁན་ཁྲི་5.46གསར་འཕར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.7%ནང་ཚུན་དུ་ཚོད་འཛིན་བྱས་ནས་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་མི་ལྷག་པ་བྱས་ཡོད། ཞིང་འབྲོག་པ་ཁྲི་5.93ལ་གསོ་སྦྱོང་བྱས་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་110.48ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་27.8བྱུང་ཡོད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་ཁྱབ་ཁོངས་ཀྱི་འགལ་བ་གཙོ་བོར་ངོས་འཛིན་གང་ལེགས་བྱེད་པ་དང་། ཞན་ཆ་གསབ་པ། བསམ་ཕྱོགས་གསལ་བཟོ་བྱེད་པ། དམིགས་ཚད་བཟོ་བ་བཅས་བྱས་ཏེ་སྤུས་ཚད་སྔར་བས་ལེགས་པ་དང་འཐུས་སྒོ་ཚང་བའི་ལས་ཞུགས་ཐུབ་པ་བྱས་ཡོད”ཅེས་ལྗོངས་མི་སྤྱི་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཞེ་ཧའེ་ཡོན་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།