[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རིག་གནས་མཚོ་མོ་རྒྱས་པའི་ཡུལ་འདི་ན། ཤེས་དཔལ་མེ་ཏོག་བཀྲག་མདངས་རབ་ཏུ་འཚེར།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-21

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས“རིག་གནས་ཇོ་མོ་གླང་མའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་པ། ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བཏང་བ། ཁྲོམ་རའི་དོ་དམ་མ་ལག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ལས་དོན་གྱི་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།

    སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་ཁག་བཞི་པ་གཏོད་པའི་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། གཏོད་པའི་ཐོབ་ཐང་དང་རྣམ་གྲངས་ཀྱི་འདེགས་སྐྱོར་ཡང་བདེ་བླག་ངང་ཐོབ་ཡོད། རྫོང་དང་ཆུས་18ལ་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱ་ཁྱབ་ཀྱི་རིག་གནས་ཁང(ས་ཚིགས)དཔེ་སྟོན་ས་ཚིགས་བསྐྲུན་ནས་2017ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི“རྫོང་དང་ཆུས་ཀྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ལེགས་གྲས་ལྔ”དང“ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་ལེགས་གྲས་བཅུའི”དཔྱད་འདེམས་ལས་དོན་ལེགས་སྒྲུབ་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱིས་དུས་ཐེངས་གཉིས་ཀྱི“གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་རྐང་འཛིན་པའི”གསོ་སྦྱོང་འཛིན་གྲྭ་དང་། གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་གསོ་སྦྱོང་སྐབས་དང་པོ། “གསོ་སྦྱོང་གིས་ལས་གནས་ཀྱི་ཚབ་བྱེད་པ”བཅས་བྱས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཉེར་བའི་གསོ་སྦྱོང་ལ་མི་400ལྷག་ཙམ་ཧུར་བརྩོན་ཆེན་པོས་ཞུགས་ཡོད་པ་རེད།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་སྒྱུ་རྩལ་ཚོགས་པ་དང་། གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་། རྫོང་དང་ཆུས་18ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་ལེ་ཚན་ཡག་པོ་ཁག་གཅིག་གཏོད་བ་དང་གཞིས་རྩེའི་གཏམ་རྒྱུད་ཡག་པོ་གླེང་བར་དམིགས་པའི་གསར་རྩོམ་ལེ་ཚན་140ཙམ་ཟིན་ཡོད།

    སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་18ཀྱིས་རིག་རྩལ་འཁྲབ་སྟོན་ཁྱོན་1300ལྷག་ཙམ་བྱས་ནས་ལྟད་མོ་བ་མི་ཐེངས་ཁྲི་40ལྷག་ཙམ་ལ་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

    སྐབས་དྲུག་པའི་ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི“ཀྲུང་གོའི་དུས་རབས་གསར་པའི་སྲོལ་རྒྱུན་བཟོ་རྩལ་གྱི་རྩལ་འགྲན་བྱེད་སྒོའི”ཁྲོད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཁ་གདན་འཐག་བསླས་ལག་རྩལ་གྱི་རྒྱུན་འཛིན་པ་སྤེན་པ་དོན་གྲུབ་དང་བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་བཟོ་ལག་རྩལ་གྱི་རྒྱུན་འཛིན་པ་ཉི་རྡོར་ལ“དུས་རབས་གསར་པའི་བཟོ་བོ་མཁས་ཅན”དང“གཞོན་ནུ་ལག་རྩལ་མཁས་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    “གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་གནས་བྱ་གཞག་ལ་དོ་ཁུར་དང་མ་དངུལ་བཏང་བས་ང་ཚོའི་སྲོལ་རྒྱུན་གྱི་དམངས་ཁྲོད་བཟོ་རྩལ་ལ་གོ་སྐབས་བཟང་པོ་ཐོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྤེན་པ་དོན་གྲུབ་ཀྱིས་བཤད།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྫོང་དང་ཆུས་ཁག་ནས་ཐོག་མའི་གདེང་འཇོག་དང་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག ས་ཆ་དངོས་སུ་རྟོག་ཞིབ་དང་གཏན་འཁེལ་བྱས་པ་བརྒྱུད་གྲོང་ཁྱེར་སྲིད་གཞུང་ལ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)ཁག་དང་པོ་37ཆོག་མཆན་གནང་ནས་ཁྱབ་བསྒྲགས་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།

    རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དོ་དམ་བྱེད་ཐབས》ཀྱི་ཁྲིམས་འཛུགས་ཀྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་པ་དང་གྲོང་ཁྱེར་སྲིད་གཞུང་ལ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་34བསྣན་པར་མིང་འདོགས་ཆོག་མཆན་སྤྲོད་རྒྱུའི་རེ་ཞུ་བྱས་པ་ལས་རྣམ་གྲངས་30བདམས་ཏེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་རྣམ་གྲངས་ནང་རེ་ཞུ་བྱ་རྒྱུའི་འོས་སྦྱོར་བྱས་པར། རྣམ་གྲངས་22བདམས་པ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པའི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་གི་རྣམ་གྲངས་238ཟིན་ཡོད།

    2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ལྷ་མོའི་སྐད་གདངས་འགྲན་བསྡུར་ཐོག་མ་དེ་གཉེར་བ་དང་། ངམ་རིང་འཇུང་པའི་ལྷ་མོ་གདན་ཞུས་ལྟར་ཀྲེ་ཅང་ཝུའུ་གྲོང་རྡལ་གྱི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་ལ་འཁྲབ་སྟོན་བྱས་པས། ལྟད་མོ་བ་ཚོའི་དགའ་བསུ་དང་གདེང་འཇོག་བཟང་པོ་ཐོབ་པ་རེད། མིག་སྔར་མ་དངུལ་བསྡོམས་སྒོར་ཁྲི་1200བཏང་བའི་གཏིང་སྐྱེས་ཀྱི་ཤར་པའི་གླུ་གར་ཁྲིད་སྦྱོང་རྟེན་གཞི་དང་མ་དངུལ་བསྡོམས་སྒོར་ཁྲི་650བཏང་བའི་རྒྱལ་རྩེའི་ཁ་གདན་ཁྲིད་སྦྱོང་རྟེན་གཞིའི་རྣམ་གྲངས་ལག་ལེན་བསྟར་བཞིན་ཡོད་ཅིང་། ད་ཆ་སོ་སོར་མ་འཇོག་90%དང་10%དོན་འཁྱོལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།