[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • “ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ཐེབས་རྩ”བཙུགས་པ།

    ཧྲང་ཧའེ་དང་བོད་ཀྱི་ཕུལ་བྱུང་དགེ་སློབ་ཀྱི་བྱ་དགར་སྤྱོད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-06

    རྩི་ཤིང་རིགས་གཅིག་མཁས་ཅན་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གྲགས་ཅན་ཀྲུང་ཡང་སྟབས་མ་ལེགས་པར་འགྲིམ་འགྲུལ་ལས་འཛོལ་གྱི་ཆག་སྒོ་ཐོན་ནས་གྲོངས་རྗེས། ཁོང་གི་བཟའ་ཟླ་དགེ་རྒན་ཆེ་མོ་བ་ཀྲང་ཤའོ་ཡན་གྱིས་ཉིན་ཤས་གོང་གུན་གསབ་དངུལ་སྒོར་ཁྲི་138ཞལ་འདེབས་བརྒྱབ་ནས“ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ཐེབས་རྩ”བཙུགས་ཏེ་ཧྲང་ཧའེ་དང་བོད་ཀྱི་ས་ཆ་གཉིས་ཀྱི་ཕུལ་བྱུང་དགེ་སློབ་ཀྱི་བྱ་དགར་སྤྱོད་རྒྱུ་རེད།

    སློབ་ཁྲིད་བྱས་ནས་ལོ་30ལྷག་ཙམ་དང་བོད་སྐྱོར་བྱས་ནས་ལོ་16སོང་རིང་ཀྲུང་ཡང་བོད་ཀྱི་ཐག་རིང་ལུང་ཁུག་དང་། དཀའ་ཚེགས་ཆེ་ཤོས། ཆེས་ས་རྒོད་བཅས་ཀྱི་ས་ཁུལ་དུ་བསྐྱོད་ནས་ཚོགས་པའི་སྣེ་ཁྲིད་དེ་རྩི་ཤིང་ཁྲི་4000ལྷག་ཙམ་གྱི་ས་བོན་འཚོལ་བསྡུ་བྱས་ཡོད་པ་རེད། ཁོང་གིས་བོད་ལྗོངས་སློབ་ཆེན་གྱིས་སྐྱེ་ཁམས་རིག་པའི་འབུམ་རམས་པའི་ས་ཚིགས་དང་པོ་དེ་རེ་ཞུ་བྱེད་པར་རོགས་རམ་བྱས་ཏེ་བོད་རིགས་ཀྱི་རྩི་ཤིང་རིག་པའི་འབུམ་རམ་པ་ཐོག་མ་དེ་གསོ་སྐྱོང་བྱས་པ་དང་། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་ཚན་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”ཀྱི་རིག་ཚན་འཛུགས་སྐྱོང་གི་མིང་ཐོའི་ནང་ཚུད་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།

    ན་ནིང་ཟླ་9ཚེས་25ཉིན་ཀྲུང་ཡང་གཞུང་དོན་སྒྲུབ་པར་སྐྱོད་སྐབས་འགྲིམ་འགྲུལ་ལས་འཛོལ་གྱི་ཆག་སྒོ་ཐོན་ནས་སྟབས་མ་ལེགས་པར་གྲོངས་པ་དང་དེ་དུས་དགུང་ལོ་53རེད། ཁོང་གྲོངས་པར་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་སུ་རྗེས་དྲན་ཞུ་ཡི་ཡོད། སློབ་གསོ་པུའུ་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཨུད་ཀྱིས་ཁག་སོ་སོར་ཁོང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”དང“ཧྲང་ཧའེ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱས་པ་རེད།

    ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཅའོ་དབྱང་གིས་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ཐེབས་རྩ་དེ་ཧྲང་ཧའེ་དང་བོད་ཀྱི་ས་ཆ་གཉིས་ཀྱི་ཕུལ་བྱུང་དགེ་སློབ་ཀྱི་བྱ་དགར་སྤྱད་དེ་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ཕུགས་བསམ་དང་འདོད་འདུན་མ་གྲུབ་པ་དག་མུ་མཐུད་འགྲུབ་རྒྱུ་རེད་ཅེས་བརྗོད།

    “བོད་དུ་ལས་ཀ་བྱས་ནས་ལོ་16སོང་རིང་། ཀྲུང་ཡང་གིས་བོད་ལ་བཅངས་པའི་བརྩེ་སེམས་ཧ་ཅང་ཟབ་མོ་ཡོད”ཅེས་ཀྲང་ཤའོ་ཡན་གྱིས་དེ་གོང་བློ་མཐུན་ཀྲུང་ཡང་གི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུའི་ཐོག་བརྗོད་པ་དང་། ཁོང་གིས་འགྲིམ་འགྲུལ་ལས་འཛོལ་གྱི་ཆག་སྒོའི་གུན་གསབ་དངུལ་ཞལ་འདེབས་རྒྱག་རྒྱུའི་གྲ་སྒྲིག་ཡོད། “ཐེབས་རྩ་འདི་བཙུགས་པ་ནི་ང་ཚོ་ནང་མིའི་བསམ་འདུན་ཆེ་ཤོས་ཡིན་ལ་ཀྲུང་ཡང་གི་བསམ་འདུན་ཆེ་ཤོས་ཀྱང་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འདི་ལོའི་ཟླ་1ཚེས་17ཉིན་ཧྥུའུ་ཏན་སློབ་ཆེན་གྱི་སློབ་གྲོགས་ཚོགས་པས“ས་བོན་གཅིག་བླངས་ནས། རེ་བའི་ས་གཞིར་འདེབས”ཞེས་པའི་ཞལ་འདེབས་བྱེད་སྒོ་དམིགས་བསལ་ཇུས་འགོད་བྱས་ནས་སློབ་གྲོགས་འབོད་སྐུལ་བྱས་ཏེ་ཟླ་1ཚེས་25ཉིན་གྱི་མཚན་མོའི་ཆུ་ཚོད་12གོང་དུ་ཞལ་འདེབས་སྒོར་ཁྲི་150བསྡུས་ཡོད་པ་རེད། མཐར་ཧྥུའུ་ཏན་སློབ་ཆེན་གྱི་སློབ་གྲོགས་ཀྱིས་གཅེས་སེམས་རྒྱུན་མཐུད་བྱས་ནས་ཞལ་འདེབས་བརྒྱབ་པའི་སྒོར་ཁྲི་200དང་ཐུང་ཅི་སློབ་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་སྒོར་ཁྲི་50བཅས་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ནང་མིས་ཕུལ་བའི་གུན་གསབ་དངུལ་དང་མཉམ་དུ“ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་ཐེབས་རྩའི”ནང་བཅུག་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།