[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཤེས་དཔལ་བཟང་པོས་སློབ་གྲྭ་བསྐྱངས། ཤེས་ལྡན་སློབ་མ་དྲིན་གྱིས་གསོ།

    ལྷ་ས་སློབ་འབྲིང་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ་འཛུགས་སྐྱོང་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    ཡུན་རིང་མ་སོང་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ལྷ་ས་སློབ་འབྲིང་འདི་ཉིད་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭའི་གྲས་སུ་ཚུད་ཅིང་། གཟི་བརྗིད་མཚན་སྙན་དེ་ལྷ་ས་སློབ་འབྲིང་གིས་ཡུན་རིང་འབད་འཐབ་དང་དགེ་སློབ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད།

    ཤེས་དཔལ་སྲོལ་བཟང་བཏོད།

    ལྷ་ས་སློབ་འབྲིང་གིས་ཐོག་མཐའ་བར་གསུམ་དུ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་བཅས་ཀྱི་སློབ་གསོ་ཤེས་དཔལ་འཛུགས་སྐྱོང་གི་གནས་བབ་ཐོག་བཞག་ནས་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་འབྲེལ“ལྟ་བ་བཞི”དང“སྨྲ་བ་གཉིས”དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་གནས་བབ་གལ་ཆེན་ཐོག་བཞག་པ་མ་ཟད། ཏང་ཀྲི་པུའུ་དང་ལས་ཞོར་ཏང་གི་སློབ་གྲྭ་འདྲེན་རྟེན་དུ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་འབྲེལ་ཡོད་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བ་རེད།

    གཞན་ཡང་། སློབ་གྲྭ་དེས“འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག”དང“ལག་གདང་སྦྲེལ་ནས་ཆ་སྒྲིག་བྱེད” “ཁ་འབྲལ་ཐབས་མེད་པ་གསུམ”སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་སློབ་མ་ཚོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་དེ་བས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་སློབ་མ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་། ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ། ཕུལ་བྱུང་གི་རྒྱལ་གཅེས་རིང་ལུགས་གློག་བརྙན་བལྟས་པ་སོགས་བྱས་ཡོད། ལོ་ལྟར“12·9”ལ་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་བསྡུ་བའི་མཛད་སྒོ་དང་། བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཕུལ་བྱུང་སློབ་མའི་ནང་ནས་ཏང་ཞུགས་ཧུར་བརྩོན་ཅན་300ཙམ་གསོ་སྐྱོང་བྱས་པ་མ་ཟད། གྲ་སྒྲིག་ཏང་ཡོན་56འཕེལ་རྒྱས་བཏང་ཡོད། དུས་བཀག་ཐོག“ལུའེ་ཧྥུང་ལ་སློབ་སྦྱོང་བྱས་ནས་སྲོལ་བཟང་གཏོད་པ”དང“ཤེས་དཔལ་སློབ་གྲྭ་གཏོད་པ་དང་། ཤེས་དཔལ་འཛིན་གྲྭ་འཛུགས་སྐྱོང་། ཡ་རབས་སློབ་མ་བྱེད་པ”བཅས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་མ་ཟད། དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་དུས་བཀག་ཐོག་རྒན་གསོ་ཁང་དང་སྤྱི་ཚོགས་ཕན་བདེ་ཁང་། དེ་བཞིན་སྡེ་ཁུལ་གྱི་ཞབས་ཞུའི་བྱེད་སྒོ་བཅས་ལ་ཞུགས་ནས་སློབ་མ་ཚོའི་རྒན་བཀུར་རྒན་གཅེས་ཀྱི་ཤེས་དཔལ་གོམས་སྲོལ་སྐྱེད་སྲིང་བྱས་ཡོད།

    རིག་གནས་ཀྱི་འབྱུང་རྩ་བསྲུངས།

    རིག་གནས་ལ་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་བྱ་རྒྱུ་ནི་ལྷ་ས་སློབ་འབྲིང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་རྩ་རེད། སློབ་གྲྭ་དེས་བྱང་ཚད་སློབ་གསོ་བཟང་སྒྲིག་དང་། ཀུན་སྤྱོད་འཛུགས་སྐྱོང་འབུར་དུ་ཐོན་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་དང་འབྲེལ་སྣ་མང་ཕུན་སུམ་ཚོགས་པའི་སྡེ་ཚོགས་ཀྱི་རིག་གནས་བྱེད་སྒོ་ཧུར་ཐག་སྤེལ་ཡོད།

    སློབ་གྲྭ་དེས“གཅིག་གཏད་གཅིག”གི་གྲངས་འཛིན་ཅན་གྱི་སློབ་ཁྲིད་ཚོད་ལྟའི་ལས་དོན་སྤེལ་བ་དང་གོ་རིམ་ལྡན་པའི་སྒོ་ནས་STEMརིག་ཚན་སྒྲོལ་བའི་མཉམ་འདྲེས་སློབ་གསོར་སྐུལ་འདེད་བཏང་ཡོད། 《ལྷ་ས་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོའི་ལས་དོན་ལག་བསྟར་རྩ་གནད》བཟོས་ནས་དྲ་རྒྱ་ཅན་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་བཙུགས་ཡོད། “ཀུན་སྤྱོད་སློབ་གསོའི་སློབ་སྟོན་དགེ་རྒན་གྱི་ལམ་ལུགས”བཙུགས་ནས་སློབ་སྦྱོང་ཞན་པ་དང་འཚོ་བར་དཀའ་ངལ་ཡོད་པའི་སློབ་མར་ཆེད་མངགས་སློབ་སྟོན་དགེ་རྒན་བཀོད་སྒྲིག་བྱས་ཏེ་རང་ཡིད་རང་ཆེས་ཀྱི་བསམ་པ་འཕེལ་ཐུབ་པ་བྱས་ཡོད།

    གཞན་ཡང་། ལྷ་ས་སློབ་འབྲིང་གིས་སྔ་རྗེས་སུ་རིག་གནས་དང་། འཁྲབ་སྟོན། ལུས་རྩལ་བདེ་ཐང་། ཚན་རྩལ་གསར་གཏོད། སྤྱི་ཕན་འཛུགས་སྐྱོང་བཅས་རིགས་ཆེ་གྲས་ལྔའི་ཚོགས་པ་23བཙུགས་ཡོད། ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་པ་དང་། མངོན་མིན་རིག་གནས(ཐང་ག)བྱེད་སྒོ་སློབ་གྲྭར་སྤེལ་བ། ཡིག་གཟུགས་དང་རི་མོའི་འགྲན་བསྡུར་སོགས་སྒྲིག་འཛུགས་བྱས་པ་དང“སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་རྩོམ་ཡིག་འགྲན་བསྡུར”བྱེད་སྒོ་སྤེལ་ཡོད། ནང་སའི་གྲགས་ཅན་གྱི་སྒྱུ་རྩལ་ཚོགས་པ་གདན་དྲངས་ནས་འཁྲབ་སྟོན་སྤེལ་རེས་བྱས་ཏེ་རིག་རྩལ་སློབ་སྦྱོང་དང་གསུང་རབ་ཀློག་པའི་རྣམ་པ་ཟབ་མོ་བཏོད་ཡོད།

    དུས་བདེའི་རྣམ་པ་བཏོད།

    ལྷ་ས་སློབ་འབྲིང་གིས་དུས་བདེའི་སློབ་གྲྭ་བསྐྲུན་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ཅིང་། སློབ་གྲྭ་དེས་བདེ་འཇགས་བརྟན་ལྷིང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང《བོད་རང་སྐྱོང་ལྗོངས་ལྷ་ས་སློབ་འབྲིང་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས》བཟོས་ཡོད། འགྲིམ་འགྲུལ་བདེ་འཇགས་དང་མི་ལུས་བདེ་འཇགས་སོགས་ཀྱི་སློབ་གསོ་སྤེལ་ནས་སློབ་མ་ཨར་ཁང་དང་། ཞབས་བྲོ་ཁང་སོགས་སུ་བསྐྱོད་མི་ཆོག་པའི་གཏན་འབེབས་བྱས་པ་དང་། སློབ་མ་ཞག་སྡོད་དང་། དགོངས་ཞུ། སློབ་གྲྭར་རྟག་འབྱོར་སོགས་ཀྱི་གནས་ཚུལ་ཉིན་རེ་ལ་ཐོ་རེ་བླངས་ནས་སློབ་མའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱས་ཡོད། (པ་ཕན་གྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།