[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྦྲ་ཆེན། བོད་བྱང་ཐང་གི“སློབ་གསོའི་གྲོང”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-28

    སྦྲ་ཆེན་རྫོང་ནི་ནག་ཆུ་ས་ཁུལ་གྱི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་། དཔལ་འབྱོར་གྲུབ་ཚུལ་རྐྱང་པ་ཡིན་པའི་དབང་གིས་དུས་ཡུན་རིང་པོའི་ནང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཐེབས་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྦྲ་ཆེན་རྫོང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དེ་གའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་ཞིག་ཆགས་ཐབས་བྱས་པས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ས་མཐོའི་གསར་འགོད་པ་ལེ་དབར་ཁྲི་ཡི་སར་བཅར་འདྲི་ཚོགས་ཆུང་སྦྲ་ཆེན་རྫོང་སློབ་འབྲིང་དང་སྦྲ་ཆེན་རྫོང་གི“སློབ་གྲྭ་ཆེ་མོ་བའི་གྲོང་ཚོ”བྱ་མང་ཤང་གི་གྲོང་ཚོ་དང་པོར་ཡོང་ནས་དེ་གའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན།

    བརྗིད་ཉམས་ཆེ་བའི“སློབ་གྲྭ”དང་བབ་ཆགས་པའི་རྫོང་ཨུད་ཀྱི་ཐོག་ཁང་།

    རྒྱལ་ལམ་317ནས་སྦྲ་ཆེན་རྫོང་གྲོང་ལ་སྐྱོད་པའི་སྤྱི་ལེ་15ཡི་མཚམས་སུ་ཡངས་པའི་ཐང་ཆེན་པོ་ཞིག་ཡོད་པ་དང་དེར་སྦྲ་ཆེན་རྫོང་སློབ་འབྲིང་གནས་ཡོད།

    བསྟན་པ་ཚེ་རིང་ནི་སྦྲ་ཆེན་རྫོང་སློབ་འབྲིང་ནས་ཐོན་སྔ་ཤོས་ཀྱི་སློབ་མ་ཞིག་ཡིན་པ་དང་2015ལོར་བོད་ལྗོངས་སློབ་ཆེན་ཐོན་རྗེས་རང་ཉིད་ཀྱི་མ་སློབ་ཏུ་ཕྱིར་ལོག་ནས་དགེ་རྒན་བྱས། ཁོང་གིས་ང་སློབ་གྲྭར་འགྲོ་དུས་སློབ་གྲྭའི་ནང་དགེ་རྒན་དང་ལས་བཟོའི་ཐོག་ཁང་གཅིག་ལས་མེད་པ་དང་སྲིད་འཛིན་ཐོག་ཁང་དང་སློབ་ཁྲིད་ཐོག་ཁང་མཉམ་དུ་ཡིན་ཞེས་བཅར་འདྲི་ཚོགས་ཆུང་ལ་བཤད།

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གྲྭའི་སྒྲིག་ཆས་ཐད་ལེགས་བཅོས་ཆེན་པོ་བྱུང་ཡོད”སློབ་གྲྭའི་སློབ་སྤྱི་གཞོན་པ་ནས་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས་པའི་པ་སངས་སློབ་གྲྭ་དེ་བཙུགས་པ་ནས་བཟུང་སྦྲ་ཆེན་རྫོང་སློབ་འབྲིང་ནས་ཁ་བྲལ་མྱོང་མེད། “མདུན་གྱི་སྟར་པ་རེ་རེ་ནི་ང་ཚོ་དགེ་རྒན་དང་ལས་བཟོའི་ཐོག་ཁང་ཡིན་པ་དང་། ཕ་གི་ནི་སློབ་མའི་ལུས་རྩལ་ཐང་ཆེན་རེད། དེའི་རྒྱབ་ཏུ་སློབ་མའི་བྱེད་སྒོ་ལྟེ་གནས་ཡོད”ཅེས་པ་སངས་ཀྱིས་སྟོན་པ་དང་མཉམ་དུ་བསྐྱོད་ནས་བཅར་འདྲི་ཚོགས་ཆུང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་སྣང་བ་སྟེར།

    སྦྲ་ཆེན་རྫོང་སློབ་འབྲིང་དུ་སློབ་མའི་ཚོད་ལྟ་ཁང་དང་། གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས། ཐོག་ལྡན་ལུས་རྩལ་ལྟེ་གནས་སོགས་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་པོ་ཡོད་པ་གསར་འགོད་པས་མཐོང་བྱུང་། བཅར་འདྲི་ཚོགས་ཆུང་སྦྲ་ཆེན་རྫོང་ཨུད་དུ་འབྱོར་སྐབས་བབ་ཆགས་པའི་རྫོང་ཨུད་ཀྱི་གཞུང་ལས་ཐོག་ཁང་གིས་ཁྱད་པར་མངོན་གསལ་དོད་པའི་ཧང་སངས་པའི་ཚོར་བ་ཞིག་སྟེར།

    ཉེ་བའི་ལོ་ཤས་རིང་སྦྲ་ཆེན་རྫོང་གིས་སྲིད་གཞུང་གི་ནོར་ཤུགས་དང་གྲོང་འཛུགས་ས་ཆ་བསྡུ་སྤྱོད་ཐད་དཀའ་ངལ་ཡོད་པའི་གནས་ཚུལ་འོག་སྔ་རྗེས་སུ་སྒོར་ཁྲི་3000སློབ་གསོ་འཕེལ་རྒྱས་ཐད་བཏང་བ་དང་ས་ཆ་སྨི་ངོས་གྲུ་ཁྲི་31སློབ་ཁྲིད་བྱ་ཡུལ་དུ་སྤྱད་ཡོད།

    ད་ཆ་སྦྲ་ཆེན་རྫོང་སློབ་འབྲིང་གི་སློབ་མའི་གྲངས་འབོར་དེ་དེ་སྔའི་92ནས་2307བར་མང་དུ་ཕྱིན་པ་དང་དགེ་རྒན་ཡང་དེ་སྔའི་9ནས་140བར་མང་དུ་ཕྱིན་ཡོད། འདི་ལོའི་ཟླ་བརྒྱད་པར་སྦྲ་ཆེན་རྫོང་སློབ་འབྲིང་ལ་རྒྱལ་ཁབ་ཀྱི“འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི”ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད།

    སློབ་གསོར་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་མི་སྣ་གསོ་སྐྱོང་བྱས་པ།

    སྦྲ་ཆེན་རྫོང་སློབ་འབྲིང་དུ་བཅར་འདྲི་བྱེད་རིང་ང་ཚོར་བག་ཆགས་ཟབ་ཤོས་ནི་སློབ་གྲྭ་དེའི་སློབ་མ་བྲེལ་འཚུབ་ངང་སློབ་ཁང་དུ་སློབ་ཚན་ཉན་པར་འགྲོ་བའམ་ཡང་ན་སློབ་ཚན་གྲོལ་ནས་རྩེད་མོ་རྩེ་སྐབས་བཅར་འདྲི་ཚོགས་ཆུང་གི་ཁོངས་མི་འཕྲད་དུས་སློབ་མས་ཞྭ་མོ་ཕུད་དེ་གུས་ཞབས་ལྡན་པའི་ངང“རྒན་ལགས་ཁམས་བཟང་”ཞེས་བརྗོད་པ་དེ་རེད།

    སློབ་སྤྱི་ཚེ་བརྟན་དངོས་གྲུབ་ཀྱིས་གསར་འགོད་པར་སློབ་མ་སློབ་གྲྭར་ཞུགས་རྗེས་ཀྱི་སློབ་ཚན་དང་པོ་ནི་སློབ་གྲྭས་ཕྲུ་གུ་ཚོར“ཀུན་སྤྱོད་བཟང་བའི་མི་ཞིག་ཇི་ལྟར་བྱེད་དགོས་ལུགས”འཁྲིད་ཀྱི་ཡོད་ཅེས་བརྗོད།

    བྱང་ཚད་སློབ་གསོ་ནི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་མི་གསོ་སྐྱོང་བྱ་རྒྱུ་དེ་ཡིན།

    བཅར་འདྲི་བྱེད་རིང་གསར་འགོད་པར་2017ལོའི“ཀྲུང་གོའི་ལོ་ཆུང་གཞོན་ནུ་བཟང་པོ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་སྦྲ་ཆེན་རྫོང་སློབ་འབྲིང་གི་སློབ་མ་སྐལ་དབྱངས་སྐྱིད་འཕྲད་བྱུང་། སྐལ་དབྱངས་སྐྱིད་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྱི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། སློབ་སྦྱོང་བྱ་རྒྱུར་དགའ་བའི་སྐལ་དབྱངས་སྐྱིད་ཀྱིས་སྦྲ་ཆེན་རྫོང་སློབ་འབྲིང་གི་སློབ་ཁྲིད་ཀྱི་ཆ་རྐྱེན་བཟང་པོར་བརྟེན་ནས་ཉ་མོ་ཆུ་ནང་དུ་འཇུག་པ་བཞིན་རིག་གནས་སློབ་ཚན་དང་། གཙོ་སྐྱོང་། ཞབས་བྲོ། གླུ་གཞས་བཅས་ཚང་མ་སྤ། སྤྲོ་སྣང་ཆེན་པོས་ལེགས་པར་སྦྱོང་བཞིན་ཡོད།

    སློབ་མའི་ཟ་ཁང་གི་ཉེ་འགྲམ་དུ་སྔོ་ཚལ་དྲོད་ཁང་ཆེ་གྲས་6ཡོད། དེ་ནི་སློབ་མ་ཚོའི་ལས་སློབ་གཉིས་བརྩོན་བྱེད་ས་ཞིག་རེད། ངལ་རྩོལ་བྱས་ནས་ཤེས་བྱ་འཕེལ་ཐབས་བྱེད་པས། སྨི་ངོས་གྲུ་1800ཙམ་ལྡན་པའི“སྔོ་ཚལ་ལྡུམ་ར”དེ་ནི་དགེ་སློབ་ཚོའི་དགའ་ཚལ་ཆུང་ངུ་ཞིག་ཡིན།

    ཁྱིམ་བདག་གི་ཚོགས་འདུ་འཚོག་སྐབས། འབྲོག་ཁུལ་གྱི་ཁྱིམ་བདག་ཚོས་སློབ་གྲྭའི་ལག་ལེན་བྱེད་སྒོར་བསྔགས་བརྗོད་ཡང་ཡང་བྱས་ཤིང་། ཁོང་ཚོས་ལག་ལེན་བྱེད་སྒོར་ཞུགས་རྗེས་ཕྲུ་གུ་ཚོ་ནང་དུ་ལོག་ནས་རང་འགུལ་ངང་ཕ་མར་ལས་ཀ་བྱེད་རོགས་བྱེད་ཀྱི་འདུག་ཅེས་གཅིག་མཇུག་གཉིས་མཐུད་ངང་བཤད།

    “ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད་ངལ་རྩོལ་གྱི་དཀའ་ངལ་དང་གཟི་བརྗིད་ཤེས་བྱུང”ཞེས་སློབ་མ་གནམ་གང་སྒྲོལ་མས་བཤད།

    གྲོང་ཚོ་གཅིག་ནས་ལོ་དྲུག་རིང་སློབ་གྲྭ་ཆེ་མོ་བ་36ཐོན།

    ཉེ་ཆར་ལོ་རབས་དགུ་བཅུའི་རྗེས་སྐྱེས་སློབ་གྲྭ་ཆེ་མོ་བ་འཕྲིན་དགས་ཕའི་བུ་ལོན་འཇལ་བའི་སྐོར་བྱང་ཐང་གི་གང་སར་བསྔགས་བརྗོད་བྱེད་ཀྱི་ཡོད།

    འཕྲིན་དགའི་ཁྱིམ་སྦྲ་ཆེན་རྫོང་བྱ་མང་ཤང་གི་གྲོང་ཚོ་དང་པོར་ཡོད། 2013ལོར་འཕྲིན་དགའི་ཕ་བཀྲ་ཤིས་བསམ་གྲུབ་ཚོང་ཧ་ལོག་ནས་ཚོང་གི་མ་རྩ་ཡང་མི་ཁུག་པའི་ཁར་བུ་ལོན་སྒོར་ཁྲི་470ཟུགས།

    བགྲང་བྱ་4ཡི་རིང་། འཕྲིན་དགས་དམ་བཅའ་ལས་མི་འགལ་བར་རང་རྟེན་ལས་གཏོད་བྱས་ཏེ་ཕ་མ་གཉིས་ལ་ཟུགས་པའི་བུ་ལོན་འབོར་ཆེན་འཇལ་བ་མ་ཟད། ཕ་ཡུལ་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་འབྲོག་ལས་ཐོན་རྫས་དང་མི་རིགས་ཀྱི་ལག་ཤེས་ཐོན་རྫས་ཚོང་ཁང་བཙུགས་ནས་དེ་གའི་མང་ཚོགས་སྔར་ལས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཀྱང་བྱས་པ་རེད།

    བཅར་འདྲི་བྱེད་རིང་། སྦྲ་ཆེན་རྫོང་སློབ་འབྲིང་གི་བསྟན་པ་ཚེ་རིང་གིས་འཕྲིན་དགའ་ནི་ངའི་མ་སྤུན་གྱི་གཅུང་པོ་ཡིན། ངེད་གཉིས་སྦྲ་ཆེན་རྫོང་སློབ་འབྲིང་ནས་ཐོན་པ་དང་། ང་ནི་བྱ་མང་ཤང་གྲོང་ཚོ་དང་པོ་ནས་ཐོན་པའི་སློབ་གྲྭ་ཆེ་མོ་བ་དང་པོ་ཡིན་པ་དང་། འཕྲིན་དགའ་ནི་རྫོང་དེ་ཡོངས་ཀྱི་རང་རྟེན་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་དང་པོ་དེ་རེད་ཅེས་གསར་འགོད་པར་བཤད་བྱུང་།

    2011ལོར་བོད་ལྗོངས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་བསྟན་པ་ཚེ་རིང་གིས་བྱ་མང་ཤང་ལ་འགོ་ཡག་པོ་ཞིག་འཁྲིད་ཅིང་། དེའི་རྗེས་སུ་ཁྱིམ་ག་གེ་མོ་ཞིག་ལ་སློབ་གྲྭ་ཆེ་མོ་བ་འདི་ཐོན་པ་དང་། ཡང་ཕ་གིའི་ཁྱིམ་ལ་སློབ་གྲྭ་ཆེ་མོ་བ་འགའ་ཐོན་པ་སོགས་དུས་ཐུང་ལོ་དྲུག་རིང་བྱ་མང་ཤང་གྲོང་ཚོ་དང་པོ་ནས་སློབ་གྲྭ་ཆེ་མོ་བ་36ཐོན་ནས་སྦྲ་ཆེན་རྫོང་ལ་སྐད་གྲགས་ཆོད་པའི“སློབ་གྲྭ་ཆེ་མོ་བའི་གྲོང་ཚོ”ཞིག་ཏུ་གྱུར།

    “ཉེ་འགྲམ་གྱི་ཕྱུགས་རྫི་ཆུང་ཆུང་མང་པོ་ཞིག་རིག་གནས་ཤེས་བྱ་ཡོད་པའི་རྒྱལ་ཁབ་ཀྱི་གཞུང་ལས་པར་གྱུར་སྐབས། ཁོ་བོས་རང་ཁྱིམ་གྱི་ཕྲུ་གུ་ངེས་པར་དུ་སློབ་ཆེན་འགྲིམ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བྱ་མང་ཤང་གྲོང་ཚོ་དང་པོའི་མང་ཚོགས་སངས་རྒྱས་ཀྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས་ངའི་བུ་ཚེ་རིང་དར་རྒྱས་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་། བུ་མོ་སྐྱིད་སྐྱིད་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཡོད་པས།“རང་ཁྱིམ་ལ་སློབ་གྲྭ་ཆེ་མོ་བ་གཉིས་ཡོད་པར་སྤོབས་པ་སྐྱེ་གི་འདུག”ཅེས་བཤད།

    སློབ་གསོས་མི་ཞིག་གི་ལས་དབང་གི་ཁ་ལོ་སྒྱུར་ཐུབ་པ་དང་རང་སྒེར་གྱི་བྱང་ཚད་མཐོ་རུ་གཏོང་ཐུབ། སྦྲ་ཆེན་དུ་མང་ཚོགས་ཀྱིས་སློབ་གསོའི་ལས་དོན་པར་ཡིད་ཆེས་བྱེད་པ་དང་སློབ་གསོས་དེ་གའི་འབྱུང་འགྱུར་ལ་འགྱུར་ལྡོག་གཏོང་བཞིན་པ་གསར་འགོད་པས་མཐོང་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།