[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • བོད་ཀྱིས“དྲ་སྦྲེལ+”མཉམ་སྤྱོད་བྱས་ཏེ་མང་ཚོགས་ཀྱི་ནད་བཅོས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-30

    གསེར་ཁབ་ཀྱི་རྒྱུན་སྤྱོད་ནད་ལ་སྨན་བཅོས་བྱེད་སྟངས་གང་ཞིག་ཡོད་པ་དང་། ནད་རྟགས་གང་དག་ལ་ཕན་པ། དཔེ་མཚོན་ནད་དཔེ་ཇི་ལྟར་བཅོས་དགོས་པ་ལ་སོགས་ཚེས་26ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ནད་སྐྱོང་མི་སྣས་རྒྱང་རིང་ནད་བརྟག་སྨན་བཅོས་ལྟེ་གནས་ཀྱི་དྲ་སྦྲེལ་ལས་སྟེགས་བརྒྱུད། ནང་སའི་གྲགས་ཅན་སྨན་ཁང་གི་གསེར་ཁབ་རིགས་གཅིག་མཁས་ཅན་གྱི་སློབ་ཚན་གཅིག་སྡུད་ངང་སློབ་སྦྱོང་བྱས་པ་རེད།

    2017ལོར། ཧུའུ་པེ་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱ་ཚ་རྫོང་མི་དམངས་སྨན་ཁང་ལ་རྒྱང་རིང་ནད་བརྟག་སྨན་བཅོས་ལྟེ་གནས་བཙུགས་པ་དང་སྔོན་ཐོན་གྱི་དྲ་སྦྲེལ་ལས་སྟེགས་བརྒྱུད། ཡུལ་དེའི་སྨན་པ་དང་ནང་སའི་སྨན་པས་བརྙན་ཡོལ་ཆེན་པོའི་ཐོག་སྤེལ་རེས་ཐུབ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་རོལ་བྱས་པ་རེད།

    རྒྱང་རིང་སློབ་གསོ་གཉེར་རྗེས། སྨན་བཅོས་ནད་སྐྱོང་མི་སྣས་གྲགས་ཅན་སྨན་ཁང་གི་གསོ་རིག་གསོ་སྦྱོང་སློབ་ཚན་དང་རིག་གཞུང་སྤེལ་རེས་ནང་ཧུར་ཐག་ཞུགས་པས་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་ཡོད། ཡུལ་དེའི་སྨན་པ་ཡེ་ཤེས་ཆོས་ལྡན་ལ་ནང་སའི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཐོབ་རྗེས། ལུས་སྨད་ཀྱི་སྡོད་རྩ་རེངས་འཁུམ་གྱི་ནད་བཅོས་པའི་གཤགས་བཅོས་དང་ལུས་སྨད་ཞ་བའི་གཤགས་བཅོས་སོགས་བདེ་བླག་ངང་བྱས་པ་རེད།

    རྒྱ་ཚ་རྫོང་གི་མང་ཚོགས་པད་མ་མཚོ་མོ་ལོ་མང་གོང་ཕྲུ་གུ་སྐྱེ་སྐབས་གཅིན་པ་མི་འཚོག་པའི་ནད་ཕོག་པ་དང་། ཡུལ་དེའི་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་པས་སྨན་བཅོས་ཡག་པོ་བྱེད་ཐུབ་མེད། དབྱི་ཁྲང་གྲོང་ཁྱེར་ལྟེ་བའི་མི་དམངས་སྨན་ཁང་གིས་པད་མ་མཚོ་མོའི་ནད་གཞིར་རྒྱང་རིང་ནད་བརྟག་བྱས་རྗེས། ཡུལ་དེ་དང་མཉམ་དུ་གཤགས་བཅོས་ཀྱི་ཇུས་གཞི་བཟོས་པ་དང་གཤགས་བཅོས་བྱས་རྗེས་ཁོང་མགྱོགས་མྱུར་དྲག་སྐྱེད་བྱུང་བ་རེད།

    “དབྱི་ཁྲང་གྲོང་ཁྱེར་ལྟེ་བའི་མི་དམངས་སྨན་ཁང་ནི་རྒྱ་ཚ་རྫོང་མི་དམངས་སྨན་ཁང་གི་ཁ་གཏད་རོགས་སྐྱོར་ཚན་པ་ཡིན་པ་དང་རྒྱ་ཚ་རྫོང་ལ་རོགས་རམ་བྱས་ཏེ་སྤེལ་བའི་རྒྱང་རིང་ནད་རྟགས་ལ་སྨན་རིན་ལེན་གྱི་མེད། བཅོས་དཀའ་བའི་ནད་གཞི་འཕྲད་སྐབས་རྒྱ་ཚ་རྫོང་མི་དམངས་སྨན་ཁང་གིས་ད་དུང་རྒྱལ་ནང་གི་གྲགས་ཅན་སྨན་ཁང་གཞན་དག་གདན་ཞུ་བྱས་ཏེ། མཉམ་དུ་རྒྱང་རིང་ནད་དཔྱད་བྱེད་ཀྱི་ཡོད། དེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་འབོར་ཆེན་ཞིག་རྒྱ་ཚའི་མང་ཚོགས་ཀྱི་འགྲམ་དུ་སླེབས་པ་དང་གཉིས་སུ་མ་མཆིས”ཞེས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་རྒྱ་ཚ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཤང་ཅུན་གྱིས་བཤད།

    “དེ་སྔ་ཕྱི་རོལ་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས་སྨན་ཁང་གི་ཆུ་ཚད་དམའ་བ་དང་། བཅོས་དཀའ་བའི་ནད་འཕྲད་སྐབས་ཅི་བྱ་གཏོལ་མེད་དུ་གྱུར་གྱི་ཡོད། བོད་སྐྱོར་ལས་དོན་རུ་ཁག་གིས་ང་ཚོར་རྒྱང་རིང་ནད་བརྟག་སྨན་བཅོས་ལྟེ་གནས་བཙུགས་ཏེ་མང་ཚོགས་རང་ཁྱིམ་གྱི་སྒོ་ཁ་ནས་ནང་སའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་དང་སྨན་དོན་མི་སྣའི་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། སྔར་བས་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་ཡོད”ཅེས་རྒྱ་ཚ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་འཇམ་དབྱངས་ཀྱིས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།