[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་དོན་བསྟུད་མར་སྤེལ་བ།

    མཚན་བཤེར་བྱེད་སྐབས་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་10ཞིབ་བཤེར་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    zengfg98160_s.jpg

    འདི་ནི་ཐོ་རེངས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཆང་བཏུངས་འཁོར་གཏོང་བྱེད་མཁན་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང“དཀའ་སྤྱད་ལས་སྒྲུབ་ཉིན་80བྱེད་པའི”ལས་དོན་གྱི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་སུ་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་དོན་ཧུར་ཐག་སྤེལ་བ་རེད། ཟླ་8ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་རྟོག་པ་17བཏང་ནས་སྔར་ཡོད་ཀྱི་བཅོས་སྒྲིག་གྲུབ་འབྲས་བརྟན་དུ་བཏང་བའི་རྨང་གཞིའི་ཐོག“ཐོ་རེངས་སུ་ར་བཟི་འཁོར་གཏོང”ལ་དམིགས་ནས་ཆེད་དོན་མཚན་བཤེར་བྱ་སྤྱོད་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཚན་བཤེར་བྱ་སྤྱོད་ནང་ཆང་རག་འཁོར་གཏོང་4དང་ར་བཟི་འཁོར་གཏོང་6 ལག་ཁྱེར་མེད་པར་རླངས་འཁོར་གཏོང་མཁན་1བཅས་དང་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་གཞན་4རྩད་ཆོད་པ་རེད།

    གྲོགས་འཛོམས་ལ་ཆང་རག་བཏུངས་ནས་རླངས་འཁོར་བཏང་བས་མི་གཉིས་ཀ་བཟུང་།

    ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར། ཆར་པའི་སྒྲ་དང་རླངས་འཁོར་གཞུང་ལམ་དུ་བསྐྱོད་པའི་སྒྲ་ལས་གྲོང་ཁྱེར་ཧྲིལ་པོ་ཁུ་སིམ་མེར་གནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷོ་གྲོང་རུ་ཆེན་དང་གྲོང་ནུབ་རུ་ཆེན་མི་དམངས་ཉེན་རྟོག་པས་འཆར་གཞི་གཞིར་བཟུང་། ཉང་བྲན་ལམ་ཁྱིམ་ཆས་ཁྲོམ་རའི་ལམ་མདོ་དང་གཙང་བྲན་དཀྱིལ་ལམ་གྲོང་ཤར་རུ་ཆེན་གྱི་ལམ་མདོར་གནས་སྐབས་ཞིབ་བཤེར་ས་ཚིགས་བཙུགས་ནས་ཆར་པའི་ཁྲོད་དུ་མཚན་བཤེར་བྱེད་འགོ་ཚུགས།

    གསར་འགོད་པ་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཉང་བྲན་ལམ་ས་ཚིགས་སུ་ཞིབ་བཤེར་བྱེད་སྐབས། འཇིབ་ཆུང་ནག་པོ་ཞིག་ཉེན་རྟོག་པས་ཁ་བཀག་སྐབས། ཁ་ལོ་བ་སུན་ཆེ་གེ་མོས་གནོང་ཡོད་པའི་སྒོ་ནས་རླངས་འཁོར་དུ་ཆུ་ཡང་ཡང་འཐུང་བཞིན་འདུག ཁོ་པའི་ཁ་ལོ་བའི་ལག་ཁྱེར་དང་མོ་ཊའི་འགོ་སྐྱོད་ལག་ཁྱེར་ལ་ཞིབ་བཤེར་བྱས་རྗེས། སུན་ཆེ་གེ་མོས་ཨ་རག་བཏུང་མིན་ཞིབ་བཤེར་བྱས། ཞིབ་བཤེར་ཐེངས་གཉིས་བྱས་ཀྱང་། གཟུགས་པོའི་ནང་གི་ཨ་རག་ཉིང་ཁུའི་ཚད་20mg/100mlལས་དམའ་བ་ཡོད་པས། ཆང་བཏུངས་འཁོར་གཏོང་གི་ཆད་གཅོད་ཚད་གཞིར་སླེབས་མེད། སུན་ཆེ་གེ་མོས་ལམ་འགྲམ་གྱི་ཟ་ཁང་ནས་མཚན་ལྟོ་ཟ་སྐབས་སྦི་རག་ཁ་གང་དོ་བཏུངས་པ་ཡིན་ཞེས་བཤད། ཉེན་རྟོག་པས་སུན་ཆེ་གེ་མོར“ཆད་པ་གཅོད་པའི་ཚད་དུ་སླེབས་མེད་ཀྱང་། གནད་འགག་མེད་སྙམ་རྒྱུ་མེད་ལ། རླངས་འཁོར་གཏོང་སྐབས་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་རྒྱུ་མེད”ཅེས་ཁ་ཏ་བསླབ་བྱ་བྱས།

    གཞོགས་གཅིག་ཏུ་ཞིབ་བཤེར་དང་ལེན་བྱེད་བཞིན་པའི་ཁ་ལོ་བ་བསྟན་ཆེ་གེ་མོས་རླངས་འཁོར་ནས་བབས་ཏེ། འགྲིམ་འགྲུལ་ཉེན་རྟོག་པར་ཆང་རག་ཏོག་ཙམ་བཏུངས་པ་ལས། མང་པོ་བཏུངས་མེད་ཅེས་བཤད། ཁོ་པའི་གཟུགས་པོའི་ནང་གི་ཨ་རག་ཉིང་ཁུར་བརྟག་དཔྱད་ཐེངས་གཉིས་བྱེད་སྐབས་94mg/100mlདང་། 107mg/100mlཟིན་ཡོད་ཀྱང་། བསྟན་ཆེ་གེ་མོས་སྔར་བཞིན་ཨུ་ཚུགས་ཀྱིས་ཨ་རག་བཏུངས་མེད་ཅེས་བཤད། མི་དམངས་ཉེན་རྟོག་པས་ལམ་བཤེར་ཚར་རྗེས། ཁོ་པ་སྨན་ཁང་དུ་ཁྲིད་དེ་ཁྲག་ལ་བརྟག་དཔྱད་བྱ་རྒྱུ་བྱས།

    ཁ་ལོ་བ་ར་བཟི་ཞིག་ཞིབ་བཤེར་ས་ཚིགས་ནས་བྲོས་རྩིས་བྱས་ཀྱང་ཉེན་རྟོག་པས་ཁ་བཀག་པ།

    མི་དམངས་ཉེན་རྟོག་པས་སྤེན་ཆེ་གེ་མོ་དང་ཁོ་པའི་གྲོགས་པོར་ཨ་རག་བཏུང་ཡོད་མེད་ཞིབ་བཤེར་བྱེད་སྐབས། ཉེ་འགྲམ་གྱི་ལམ་ངོས་སུ་ལས་དོན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པས་སྐད་ཆེན་པོ་བརྒྱབ་པ་ཐོས། ཁ་ལོ་བ་ཝང་ཆེ་གེ་མོས་མདུན་དུ་རླངས་འཁོར་ཞིབ་བཤེར་བྱེད་མཁན་ཉེན་རྟོག་པ་ཡོད་པ་མཐོང་བས་ཞིབ་བཤེར་ས་ཚིགས་ནས་ཤོར་རྩིས་བྱས། འོན་ཀྱང་མི་དམངས་ཉེན་རྟོག་པས་དེ་རང་དུ་རླངས་འཁོར་ཁ་བཀག་ཏུ་བཅུག ཝང་ཆེ་གེ་མོ་ལུས་ནས་ཨ་རག་གི་དྲི་མ་འཚུབ་འཚུབ་ཀྱིས་ཁྱར་ཁྱོར་ངང་བབས་པ་དང་། མི་དམངས་ཉེན་རྟོག་པའི་སྐད་ཆར་ལན་གསལ་པོ་རྒྱག་མི་ཐུབ། མི་དམངས་ཉེན་རྟོག་པས་པར་རྒྱག་དཔང་ལེན་བྱེད་སྐབས་ཝང་ཆེ་གེ་མོས“པར་མ་བརྒྱབ་ན་འགྲིག་གམ། ནང་མིས་མི་མཐོང་བ་བྱེད་རོགས”ཞེས་བཤད། མི་དམངས་ཉེན་རྟོག་པས་པར་རྒྱག་དཔང་ལེན་བྱེད་པ་ནི་ཁྲིམས་འཛིན་གྱི་བརྒྱུད་རིམ་གལ་ཆེན་རེད་ཅེས་བཤད། དེ་རྗེས་མི་དམངས་ཉེན་རྟོག་པས་ཝང་ཆེ་གེ་མོར་ཨ་རག་ཇི་ཙམ་བཏུང་མེད་ཞིབ་བཤེར་བྱེད་སྐབས་ཝང་ཆེ་གེ་མོས་གཟུགས་པོའི་ནང་གི་ཨ་རག་ཉིང་ཁུའི་ཚད་134mg/100mlདང་130mg/100mlསོ་སོར་ཟིན་ཡོད་པས“ར་བཟི་འཁོར་གཏོང”གི་ཚད་དུ་སླེབས་ཡོད།

    གསར་འགོད་པ་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་ར་བཟི་འཁོར་གཏོང་བ་གཉིས་འཁྲིད་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དོས་དྲག་ཚན་ཁག་ཏུ་བསྐྱོད་དེ་ཁྲག་འཐེན་ཞིབ་བཤེར་བྱས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྟ་སྐུལ་ཁྲིམས་འཛིན་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དབྱང་ཆན་ཡུན་གྱིས“ར་བཟི་འཁོར་གཏོང་གི་དོགས་གཞི་ཡོད་པའི་ཁ་ལོ་བ་སྨན་ཁང་དུ་འཁྲིད་ནས་དབུགས་འཐེན་ཞིབ་བཤེར་བྱེད་སྐབས་ཨ་རག་ཉིང་ཁུའི་ཚད་80mg/100mlཡན་ལ་སླེབས་ཚེ། ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ཡིན་ལ་ཉེས་དོན་ཉེས་གསོག་གི་ཁོངས་སུ་གཏོགས་ཀྱི་ཡོད། ཁྲག་ནང་ཨ་རག་ཉིང་ཁུ་ཡོད་མེད་ཀྱི་དཔང་རྟགས་དེ་བས་གསལ་པོ་ཡོང་ཆེད་དུ་ཡིན”ཞེས་བཤད། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་8ཚེས་11ཉིན་གྱི་ཐོ་རེངས“མཚན་བཤེར”བྱ་སྤྱོད་ལ་ཁྱོན“ཆང་བཏུང་འཁོར་གཏོང”བྱེད་མཁན་4དང་། “ར་བཟི་འཁོར་གཏོང”བྱེད་མཁན6 ལག་ཁྱེར་མེད་པར་རླངས་འཁོར་གཏོང་མཁན་1བཅས་དང་འགྲིམ་འགྲུལ་སྒྲིག་འགལ་གཞན་4བཅས་རྩད་ཆོད་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།