[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལོ་ཆུང་གདོང་ལེན་རུ་མི་དམག་ཁང་དུ་ལྟ་སྐོར་བྱེད་པར་སྐྱོད་པ།

    དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་འཕྲལ་སྒྲུབ་རུ་ཆེན་གྱིས“དམག་ཁང་ སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    zhuy9459_s.jpg

    འདི་ནི་དཔོན་དམག་གིས་སློབ་ཕྲུག་ཚོར་གོ་མཚོན་སྟོན་བཞིན་པ།

    “རྒྱལ་གཅེས་སློབ་གསོ་བྱིས་པ་ནས་དམ་འཛིན་བྱེད་དགོས”ཞེས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇཌ་སློབ་གསོའི་ཉིན་མོར། དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་འཕྲལ་སྒྲུབ་རུ་ཆེན་གྱི་སྒོ་ར་ནས་འཐབ་འཛིང་པའི་དམག་སྦྱོང་གི་ངར་སྐད་དང་ལྟ་སྐོར་བྱེད་མཁན་སློབ་མའི་ཧ་ལས་པའི་སྐད་སྒྲ་ཡང་ཡང་གྲགས།

    སྐེ་དར་དམར་པོ་བཏགས་པའི་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་ཕྲུག་100ལྗང་མདོག་དམག་ཁང་དུ་ཡོང་སྟེ“དམག་ཁང་སྒོ་དབྱེའི་ཉིན་མོའི”བྱེད་སྒོར་ཞུགས་ཤིང་། དམག་ཁང་གི་ཡིད་དབང་འཕྲོག་ཤུགས་དང་དཔུང་སྡེའི་འཚོ་བ་ཉམས་ལེན་བྱས་ཏེ་རྒྱལ་སྲུང་སློབ་གསོ་དང་ལེན་བྱས་པ་རེད།

    “ཆུང་དུས་ནས་སྤོ་བོ་ལགས་དང་རྨོ་ལགས་ཀྱིས་བཅིངས་འགྲོལ་དམག་མིའི་གཏམ་རྒྱུད་བཤད་མྱོང་། ད་ཐེངས་དངོས་སུ་མྱོང་རོལ་ཐུབ་སོང་”ཞེས་དམག་ཁང་དུ་ཐེངས་དང་པོར་ཡོང་བའི་ལོ་རིམ་བཞི་པའི་འཛིན་གྲྭ་བདུན་པའི་སློབ་མ་བྱམས་པ་སྒྲོལ་མས་གཙང་ལ་གྲལ་འགྲིག་པའི་དམག་སྒར་དང་དྲག་ཆས་ཉེན་རྟོག་པའི་བདེ་ལྕུག་འཁྱུག་པའི་ལུས་སྦྱོང་ལ་ལྟ་བཞིན་དུ་སེམས་འགུལ་ཐེབས་པའི་ངང་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་རེད།

    སློབ་ཕྲུག་ཚོས་དགེ་རྒན་དང་ཨ་ཁུ་དྲག་ཆས་ཉེན་རྟོག་པའི་སྣེ་ཁྲིད་འོག་དམག་ཁང་ནང་འགྲོ་བ་དང་ཉལ་ཁང་ལ་ལྟ་བ། དམག་འཐབ་རླངས་འཁོར་ནང་འཛུལ་བ་སོགས་ལས་སློབ་ཕྲུག་ཚོའི་སྤྲོ་སེམས་རབ་ཏུ་འཕེལ།

    “2000ལོའི་ཟླ་4པར་རུ་འབྲིང་ལ་ཡིད་འོང་ཤང་གི་འདམ་རྡོའི་ཆུ་རུད་ཚབས་ཆེན་གྱི་ཉེན་སེལ་རོགས་སྐྱོབ་ལས་འགན་ནང་ཞུགས་དགོས་པའི་བཀའ་འབྱོར”ཞེས“ཡིད་འོང་ཉེན་སེལ་དཔའ་བོའི་རུ་འབྲིང”གི་གཟི་བརྗིད་མཚན་སྙན་ལྡན་པའི་དམིགས་བསལ་དམག་འཐབ་རུ་འབྲིང་དུ་སྐྱོད་སྐབས། འགྲེལ་བཤད་རྒྱག་མཁན་གྱིས་སློབ་ཕྲུག་ཚོར་དམིགས་བསལ་དམག་འཐབ་རུ་འབྲིང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་བཤད་པ་རེད།

    ལོ་རྒྱུས་པར་རིས་དང་གོས་དར་མང་པོ་མིག་ལམ་དུ་འཆར་བ་དང་དཔའ་བོའི་གཏམ་རྒྱུད་མང་པོ་རྣ་ལམ་དུ་ཐོས་རིམ་བཞིན་སློབ་ཕྲུག་ཚོར་སྐབས་རེ་སྤྲོ་སྣང་འཕེལ་བ་དང་སྐབས་རེ་གུས་སེམས་ཆེན་པོ་སྐྱེས་པ་རེད།

    འཕྲལ་སྒྲུབ་རུ་ཆེན་གྱི་ཐོག་བརྩེགས་ཁང་ཆེན་མདུན་དུ་སླེབས་སྐབས། དམིགས་བསལ་དམག་འཐབ་རུ་འབྲིང་གི་དམག་མི་ཚོས་ཐོག་བརྩེགས་ནས་ཐག་པར་འཁྱུད་དེ་ཡར་འཛེགས་མར་འབབ་ཀྱི་བདེ་ལྕག་འཁྱུག་པའི་སྦྱོང་བརྡར་མཐོང་སྐབས་སློབ་ཕྲུག་ཚོ་ཧ་ལས་ཧང་སངས་པར་གྱུར།

    “དམག་ཁང་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་མཇུག་འགྲིལ་གྲབས་མཚམས་སུ་སློབ་ཕྲུག་ཚོས་ཨ་ཁུ་དྲག་ཆས་ཉེན་རྟོག་པ་ཚོར་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས་པ་དང་གཅིག་རྗེས་གཉིས་མཐུད་ངང“ཨ་ཁུ་ལགས། ཁྱེད་རང་སྐུ་ལས་ཁག་སོང”ཞེས་བཤད།

    “གངས་ལྗོངས་ས་མཐོར་རྒྱལ་གཅེས་སློབ་གསོ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ཡོད” དྲག་ཆས་ཉེན་རྟོག་ཉིང་ཁྲི་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཅན་ཅི་ཡིས་ཉེ་བའི་ལོ་ཤས་རིང་ཉིང་ལག་རུ་ཁག་གིས“དམག་ཁང་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བ་ལས་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཐེབས་རྒྱུར་རོགས་རམ་ཐུབ་པ་མ་ཟད། དཔོན་དམག་གི་གངས་ལྗོངས་ལ་ལེགས་སྐྱེས་ཕུལ་བའི་འགན་འཁྲི་ཁུར་སེམས་ཆེ་རུ་ཕྱིན་པ་དང་ཕྱོགས་གཉིས་སློབ་གསོ་ལས་དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།