[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་ལས་འཛོལ་གྱི་སྔོན་འགོག་ལས་དོན་ཡག་པོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    liy7c1145_s.jpg

    zengfg7c45_s.jpg

    དྲན་སྐུལ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱིས་འགྲོ་ལམ་ཤར་གཏོང་གི་ཁོར་ཡུག་གཙང་སེལ་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་བྱ་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བ་དང་དུས་མཚུངས། འགྲིམ་འགྲུལ་ཉེན་རྟོག་པས་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ལ་བརྟག་དཔྱད་ནན་པོ་བྱ་རྒྱུ་ཡིན་པས་ཁ་ལོ་བ་ཚོས“ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་བའི”དྲན་སྐུལ་བྱས་པ་རེད། 

    གནས་ཚུལ་དང་པོ།

    དངུལ་ཆད་སྒོར་200བཏང་བ།

    ཁ་ལོ་བའི་ལག་ཁྱེར་འཁྱེར་མེད་པ་དང་རླངས་འཁོར་གྱི་ཤེལ་ཏོག་མི་ཚང་བར་སྐར་མ་རེ་རེ་བཅག་པ་མ་ཟད།

    2017ལོའི་ཟླ་་12པའི་ཚེས་22ཉིན་གྱི་དགོང་མོའི་ཆུ་ཚོད་10པ་ཙམ་ལ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཆེན་ཁག་གི་མི་དམངས་ཉེན་རྟོག་པས་མཚན་བཤེར་བྱེད་འགོ་ཚུགས། འདི་ག་ཚགས་པར་གྱི་གསར་འགོད་པ་ཉེན་རྟོག་པ་དང་མཉམ་དུ་མཚན་བཤེར་གྱི་འཐབ་ས་དང་པོར་བཅར་འདྲིར་སྐྱོད་པ་ཡིན། ཆུ་ཚོད་20དང་སྐར་མ་10ཙམ་ལ། གསར་འགོད་པ་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་གླིང་སྐོར་ཤར་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་སླེབས་སྐབས། གཞུང་ལམ་གཡས་གཡོན་གྱི་རླངས་འཁོར་གྱིས་གོ་རིམ་ལྡན་པའི་ངང་ཞིབ་བཤེར་དང་ལེན་བྱེད་བཞིན་འདུག གནའ་གྲོང་རུ་ཆེན་གྱི་རུ་དཔོན་གཞོན་པ་ཧྲེན་ཅིང་ཀྲེས“སྐུ་ཁམས་བཟང་། ཁྱེད་ཀྱི་ཁ་ལོ་བའི་ལག་ཁྱེར་དང་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་འདོན་རོགས”ཅེས་བཤད། གྲོགས་པོ་སྐྱེལ་མཁན་མཁྱེན་ལྡན་མ་ཀྲའོ་ལགས་ཀྱིས་རླངས་འཁོར་ནང་ལག་ཁྱེར་ཡུན་རིང་བཙལ་རྗེས“དགོངས་པ་མ་ཚོམ། ངའི་ཁ་ལོ་བའི་ལག་ཁྱེར་ནང་ལ་ལུས་པ་འདྲ་འཁྱེར་མི་འདུག”ཅེས་བཤད།

    གནའ་གྲོང་རུ་ཆེན་གྱི་རུ་དཔོན་གཞོན་པ་ཧྲེན་ཅིང་ཀྲེས་དྲ་ཐོག་ནས་ཞིབ་བཤེར་བྱས་རྗེས། མཁྱེན་ལྡན་མ་ཀྲའོ་ལགས་ལ་ཁ་ལོ་བའི་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་། ཁོང་གིས་གནས་ཚུལ་དེ་རིགས“ལག་ཁྱེར་འཁྱེར་མེད་པར”བརྩི་བ་ལས“ལག་ཁྱེར་མེད་པར”བརྩི་མི་རུང་། ཀྲའོ་ལགས་ཀྱིས་ཁ་ལོ་བའི་ལག་ཁྱེར་འཁྱེར་རྒྱུ་བརྗེད་པའི་གནས་ཚུལ་དེ་རིགས་ལ་དམིགས་ནས་ཁོ་མོར་དངུལ་ཆད་ཀྱི་འཛིན་ཤོག་འབྲི་དགོས་ངེས་རེད་ཅེས་ངོ་སྤྲོད་བྱས་བྱུང་།

    ཞིབ་བཤེར་བྱེད་རིང་། གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཇིབ་ཆུང་ཞིག་གི་ཤེལ་ཏོག་མི་ཚང་བ་ཤེས་རྟོགས་བྱུང་། “རླངས་འཁོར་གྱི་ཤེལ་ཏོག་ཚང་མེད་ཚེ་མཚན་མོར་ཁ་ལོ་བས་མདུན་ངོས་ཀྱི་ལམ་གསལ་པོ་མཐོང་མི་ཐུབ་པས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལྷག་སྲིད”ཅེས་གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རླངས་འཁོར་གྱི་ཤེལ་ཏོག་མི་ཚང་བ་དང་ཁ་ལོ་བའི་ལག་ཁྱེར་བརྗེད་མཁན་སོ་སོར་སྐར་མ་རེ་བཅག་པ་མ་ཟད། དངུལ་ཆད་སྒོར་200བཏང་བ་རེད།

    གནས་ཚུལ་གཉིས་པ། 

    ཁ་ལོ་བས་ཆང་རག་གི་ཉིང་ཁུ་ཚད་ལེན་མ་བྱས་པར་རླངས་འཁོར་བཏང་ནས་བྲོས་པ།

    ཆུ་ཚོད་22ཡོལ་ཙམ་ལ། གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉང་བྲན་བྱང་ལམ་དུ་མཚན་བཤེར་ལས་འགན་སྒྲུབ་སྐབས། འཇིབ་ཆུང་ནག་པོ་ཞིག་གཏོང་མཁན་ཁ་ལོ་བ་བུད་མེད་ཅིག་ཁ་བཀག་སྐབས། ཁོ་མོས་དངངས་འཚབ་ཅུང་ཟད་བྱེད་པའི་ཁར། ལུས་ནས་ཆང་རག་གི་དྲི་མ་ཁ་གི་འདུག མི་དམངས་ཉེན་རྟོག་པས་ཁོ་མོར་ཁ་ལོ་བའི་ལག་ཁྱེར་དང་རླངས་འཁོར་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་འདོན་རོགས་ཅེས་བརྗོད་པ་མ་ཟད། ཆང་རག་གི་ཉིང་ཁུ་ཚད་ལེན་རྒྱུའི་སྐོར་བཤད་མ་ཐག ཁ་ལོ་བ་དེས་ལམ་སེང་རླངས་འཁོར་བཏང་ནས་བྲོས། གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་སྤྱོད་སྦག་སྦག་བཏང་ནས་རྗེས་འདེད་བཏང་བར་ཉང་བྲན་ལམ་དང་འདམ་ར་ལམ་གྱི་བཞི་མདོ་ཁར་གཞི་ནས་རླངས་འཁོར་དེ་ཁ་བཀག་ཐུབ་པ་དང་སྦྲགས། ཁ་ལོ་བ་དེར་རླངས་འཁོར་ནས་བབས་ཏེ་ཞིབ་བཤེར་དང་ལེན་བྱ་རྒྱུའི་རེ་བ་བཏོན། འོན་ཀྱང་ཁ་ལོ་བ་དེས་རླངས་འཁོར་ནས་བབས་རྗེས་མི་དམངས་ཉེན་རྟོག་པར་ཆང་རག་གི་ཉིང་ཁུ་ཚད་ལེན་དུ་མ་བཅུག་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་པའི་དྲི་བར་ལན་བརྒྱབ་མེད།

    གྲོང་བྱང་རུ་ཆེན་གྱི་རུ་དཔོན་གཞོན་པ་ལི་ཧྲེ་ཁུན་གྱིས། འཇིབ་ཆུང་ནག་པོ་དེའི་ཁ་ལོ་བས་མི་དམངས་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས་གློ་བུར་དུ་བྲོས་ཏེ་ཞིབ་བཤེར་དང་ལེན་མ་བྱས་པ་དང་། རླངས་འཁོར་བཏང་ནས་སྨི་300ལྷག་ཙམ་བྲོས་རྗེས་མི་དམངས་ཉེན་རྟོག་པས་གཞི་ནས་ཁ་བཀག་ཐུབ་པ་རེད། རྗེས་སུ་སྐད་ཆ་འདྲི་སྐབས། ཁ་ལོ་བ་དེས་རང་ཉིད་ཀྱིས་ཆང་རག་བཏུངས་པ་ཁས་བླངས། 

    མིག་སྔར་ང་ཚོས་གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    གནས་ཚུལ་གསུམ་པ། 

    ར་བཟི་འཁོར་གཏོང་མཁན་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ།

    མཚན་མོའི་ཆུ་ཚོད་23ཙམ་ལ། གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འདམ་ར་ལམ་ནས་ཆང་བཏུངས་འཁོར་གཏོང་བ་གཉིས་ཞིབ་བཤེར་ཐུབ་པའི་ཁྲོད། ལི་ཆེ་གེ་མོར་ཨ་རག་གི་ཉིང་ཁུ་ཚད་ལེན་བྱེད་སྐབས་ཨ་རག་གི་ཉིང་ཁུ་ལྡན་ཚད་94mg/100mlལས་བརྒལ་བས་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་པས། མི་དམངས་ཉེན་རྟོག་པས་ཁ་ལོ་བ་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཁྲིད་དེ་ཟུངས་ཁྲག་འཐེན་བཤེར་བྱས་པ་རེད།

    མིག་སྔར། མི་དམངས་ཉེན་རྟོག་པ་ཚང་མར་ཆང་རག་ཉིང་ཁུ་མྱུར་བཤེར་གྱི་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད། ཞིབ་བཤེར་བྱེད་རིང་། ཁ་ལོ་བས་ཆང་རག་ཉིང་ཁུ་མྱུར་བཤེར་ཡོ་བྱད་ལ་ཕུ་བརྒྱབ་ཚེ་སྐར་ཆ་གཉིས་ནང་ཁ་ལོ་བས་ཆང་རག་བཏུང་མིན་ཤེས་ཐུབ། ཆང་བཏུངས་འཁོར་གཏོང་ཡིན་ཕྱིན་ཚང་མ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཁྲིད་དེ་ཟུངས་ཁྲག་འཐེན་བཤེར་བྱེད་ཀྱི་ཡོད། ཉིན་གསུམ་ནང་མི་དམངས་ཉེན་རྟོག་པས་སྨན་ཁང་གི་ཟུངས་ཁྲག་འཐེན་བཤེར་བྱས་འབྲས་གཞིར་བཟུང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གོ་རིམ་ལྟར། ང་ཚོས་ར་བཟི་འཁོར་གཏོང་བ་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་གི་ཡོད་པས་ཁོང་ཚོར་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ་རེད་ཅེས་གྲོང་ཤར་རུ་ཆེན་ལས་འཛོལ་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་ཡོན་ཡེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།