[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མེ་འཁོར་བབས་ཚུགས་ནས་བརླགས་པའི་ཕྲུ་གུ་ཞིག་ཉེན་རྟོག་པས་ཆུ་ཚོད་ཕྱེད་ཀའི་ནང་བཙལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་མེ་འཁོར་བབས་ཚུགས་ཀྱི་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་རྣམ་ཀུན་དང་འདྲ་བར་མེ་འཁོར་བབས་ཚུགས་ཀྱི་ཐོན་སྒོར་སྐོར་གཡེང་བྱེད་བཞིན་ཡོད། སྐབས་དེར་ལོ་30ཙམ་ལ་སླེབས་པའི་བུད་མེད་ཅིག་བྲེལ་འཚུབ་ཆེན་པོས་མི་དམངས་ཉེན་རྟོག་པའི་མདུན་དུ་ཡོང་ནས“བློ་མཐུན་ཉེན་རྟོག་པ་ལགས། ངའི་བུ་མོ་འཚོལ་རོགས་གནང་དང”ཞེས་བཤད།

    བུད་མེད་དེ་དངངས་འཚབ་ལངས་ནས་རང་དབང་མེད་པར་ངུ་ཤོར་བ་མཐོང་སྐབས། མི་དམངས་ཉེན་རྟོག་པས་འཕྲལ་མར་སེམས་གསོ་གཏོང་བཞིན་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས། ཤེས་རྟོགས་བྱུང་བར། ཉིན་དེའི་ཕྱི་དྲོར་བུད་མེད་དེས་ལོ་8ལ་སླེབས་པའི་བུ་མོ་ཁྲིད་དེ་གཞིས་རྩེ་ནས་ཉིང་ཁྲིར་སྐྱོད་པའི་ཤུགས་འགྲེམས་མེ་འཁོར་ནང་བསྡད་པ་དང་། ལྷོ་ཁའི་བབས་ཚུགས་སུ་སླེབས་རྗེས་མ་སྨད་གཉིས་མེ་འཁོར་ནས་བབས་ཏེ་ཐོན་སྒོའི་ཕྱོགས་སུ་བསྐྱོད། སྐབས་དེར་མི་མང་པོ་ཡོད་སྟབས་བབས་ཚུགས་ནས་ཐོན་དུས་བུ་མོ་གར་སོང་ཆ་མེད་དུ་གྱུར། དེ་འཕྲལ་བུད་མེད་དེ་དངངས་འཚབ་ཆེན་པོ་ལངས་ནས་སྐད་ཆེན་པོས་བུ་མོའི་མིང་ནས་བོས་ཏེ་གང་སར་བཙལ་བ་མ་ཟད། དེ་ཁུལ་གྱི་ལས་དོན་མི་སྣ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་ལའང་དྲིས་ཀྱང་བུ་མོ་མ་རྙེད། སྐབས་འདིར་བུད་མེད་དེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ནས་ཉེ་འགྲམ་དུ་སྐོར་གཡེང་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པར་རོགས་སྐྱོར་བྱེད་པའི་རེ་བ་ཞུས།

    མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྗེས་ཕྱོགས་གཅིག་ནས་གནས་ཚུལ་དེ་ལམ་ངོས་སུ་སྐོར་གཡེང་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པར་བརྡ་ཁྱབ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཉེ་འགྲམ་གྱི་གློག་མིག་ལ་བལྟས་པ་རེད། བུད་མེད་དེས་བཤད་པའི་ཕྲུ་གུའི་ཁྱད་ཆོས་ལ་གཞིགས་ནས་མི་དམངས་ཉེན་རྟོག་པས་བུ་མོ་དེ་གང་སར་འཚོལ་བར་ཕྱིན་པ་རེད།

    ཕྱོགས་མང་པོ་ནས་བཙལ་འཚོལ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པར་ཆུ་ཚོད་ཕྱེད་ཀའི་ནང་ཁུ་བྱུག་སྡེ་ཁུལ་གྱི་ཉེ་འགྲམ་ནས་ཕྱིའི་གཟུགས་དབྱིབས་བུ་མོ་དེ་དང་འདྲ་བ་ཞིག་རྙེད། ངོས་འཛིན་བྱས་པ་བརྒྱུད། བུ་མོ་དེ་རང་ཡིན་པ་དང་། བུ་མོར་སྐྱོན་ཆག་གང་ཡང་བྱུང་མེད་པ་མཐོང་དུས་བུད་མེད་དེས་ཕྲུ་གུར་དམ་པོར་འཁྱུད་ནས་ད་གཟོད་སེམས་པ་ཞི་ལྷོད་དུ་བབས། དེ་ནས་ཁ་བྲལ་སྐབས་མི་དམངས་ཉེན་རྟོག་པས་སེམས་རྩ་འཁོལ་བའི་རོགས་རམ་བྱས་པར་མ་སྨད་གཉིས་པོས་སེམས་གཏིང་ནས་ཐུཌ་རྗེ་ཆེ་ཞུས་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་ཁྱིམ་བདག་ཚོར་ཕྲུ་གུ་མི་ཚོགས་མང་སར་འཁྲིད་སྐབས། ཕྲུ་གུ་བདག་པོ་ཡག་པོ་བརྒྱབ་ནས་མི་བརླག་པ་བྱེད་དགོས། ཁྱིམ་བདག་ཚོས་རང་ཉིད་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས་ཕྲུ་གུའི་སེམས་ལ་ངེས་སུ་འཇུག་པའམ་ཡང་ན་ཕྲུ་གུའི་ཁུག་མའི་ནང་ཁ་པར་ཨང་གྲངས་བླུགས་ཚེ། ཕྲུ་གུ་བརླག་པའི་སྐབས་འབྲེལ་བ་བྱེད་བདེ་པོ་ཡོད་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།