[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    ས་ཁང་བདག་ཁོངས་ཀྱི་མཚམས་སྦྱོར་སྣང་ཚུལ་ཟང་ཟིང་ལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཕྲལ་མར་ཆེད་དོན་བཅོས་སྒྲིག་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་ཡོངས་སུ་སྡོད་ཁང་བོགས་གཏོང་གི་མཚམས་སྦྱོར་སྒྲིག་གཞིའི་སྣང་ཚུལ་ཟང་ཟིང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    ཤེས་རྟོཌ་བྱུང་བ་ལྟར་ན། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྡོད་ཁང་བོགས་གཏོང་ཁྲོམ་རའི་རིན་གོང་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། སྡོད་ཁང་བོགས་གཏོང་ཚོང་གཉེར་བྱེད་པོའི་རིན་གོང་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ་དང་། སྡོད་ཁང་བོགས་གཏོང་ཁྲོམ་རའི་རིན་གོང་ཐད་ཀྱི་ཐེར་འདོན་ཐག་གཅོད་དུས་ཐོག་ཏུ་བྱས་ཤིང་། ཐེར་འདོན་གོང་ཞུ་ཅུང་མང་བའི་ས་ཆར་ཆེད་དོན་ཞིབ་བཤེར་བྱས་པ་དང་། གོང་ཚད་གཏན་འབེབས་དང་མི་མཐུན་པ། རིན་གོང་ནས་ཁ་བསླུས་རྒྱག་པ། རིན་གོང་ཆེན་པོ་སྤོར་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བྱས་པ་རེད།

    དེ་དང་ཆབས་ཅིག ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ད་དུང《གན་རྒྱའི་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་ནས། གན་རྒྱར་སྲིད་འཛིན་གྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོགས་གཏོང་གི་གན་རྒྱ་ཁྲིམས་བཞིན་འཇོག་པར་མཛུབ་ཁྲིད་བྱས་པ། གན་རྒྱའི་དོན་ཚན་ཚད་ལྡན་དུ་བཏང་བ་བཅས་བྱས་པ་མ་ཟད། སྡོད་ཁང་བོགས་གཏོང་གི་མཚམས་སྦྱོར་སྒྲིག་གཞིའི་གན་རྒྱའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ཀྱིས་གན་རྒྱའི་འདྲ་མཉམ་དང་གན་རྒྱའི་དོ་བདག་གི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ཁྲིམས་འགལ་གྱི་ཁེ་ལས་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཚབས་ཆེ་རིགས་ལ་ཁྲིམས་བཞིན་ཚོང་གཉེར་ལག་ཁྱེར་རྩིས་མེད་དུ་བཏང་སྟེ། གཞུང་དྲང་ལྷད་མེད་དང་ཁ་དན་ཚིག་གནས་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་པ་རེད།

    མིག་སྔའི་བར། སྡོད་ཁང་བོགས་གཏོང་གི་མཚམས་སྦྱོར་སྒྲིག་གཞི་ཁྱོན་34ལ་ཞིབ་བཤེར་བྱས་པ་དང་། 4ལ་བཅོས་སྒྲིག་བྱེད་དུ་བཅུག་ནས་སྡོད་ཁང་བོགས་གཏོང་གི་མཚམས་སྦྱོར་ལས་རིགས་ཀྱི་སྣང་ཚུལ་ཟང་ཟིང་ལ་བཀག་འགོག་ནུས་ལྡན་བྱས་པ་དང་། སྡོད་ཁང་བོགས་གཏོང་གི་ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་བ། འཛད་སྤྱོད་པ་དང་ཚོང་གཉེར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།